བརྒྱད་ཟིལ་རྫོང་གི་ཉེན་རྟོག་པ་ཁོང་ཚོར་བསྟོད་པའི་མཐེ་བོང་བསྒྲེངས།
སྤེལ་དུས 2022-03-09
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
རྩོམ་པ་པོ།
སྤྱི་ཟླ་3པའི་ཚེས་5ཉིན་གྱི་ཕྱི་དྲོའི་ཆུ་ཚོད་17དང་སྐར་མ་3ཙམ་ལ། བརྒྱད་ཟིལ་རྫོང་སྤྱི་བདེ་ཅུས་ལ་མགྲོན་བསུའི་ཟམ་ཆེན་ཐོག་གི་བུད་མེད་ཅིག་ཆུར་མཆོངས་ནས་རང་སྲོག་ལྕེབས་རྩིས་འདུག་ཅེས་པའི་ཉེན་བརྡ་འབྱོར་བ་རེད། བརྒྱད་ཟིལ་རྫོང་སྤྱི་བདེ་ཅུས་དམིགས་བསལ་ཉེན་རྟོག་རུ་ཆེན་ཡུལ་དངོས་སུ་འབྱོར་དུས་བུད་མེད་དེས་ཆུ་ནང་དུ་མཆོང་པ་དང་། ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་སྲོག་སྐྱོབ་འགྱིག་སྒོར་གཡུག་པ་དང་། འཕྲལ་མ་ཉིད་དུ་མཆོང་ནས་བུད་མེད་དེའི་ཕྱོགས་སུ་སྐྱོད།
བུད་མེད་དེའི་ལུས་པོ་རེངས་ཤིང་ངོ་མདོག་སྐྱ་བོར་གྱུར་བ་དང་། ཚེ་སྲོག་གི་ཚོར་བ་ཡོངས་སུ་ཉམས་། བུད་མེད་ཀྱི་ཉེ་འགྲམ་དུ་སླེབས་པའི་ལས་རོགས་ཉེན་རྟོག་པ་སུན་ཅེས་བུད་མེད་དེའི་མགོ་བཀྱགས་རྗེས་འཐབ་གྲོགས་ཁ་ཤས་སླེབས་ནས་བུད་མེད་དེ་ཡར་བཀྱགས་ཏེ་ཆུ་འགྲམ་དུ་བཏོན་ནས་གཟུགས་པོར་ཞིབ་བཤེར་རགས་ཙམ་བྱས།
བུད་མེད་དེ་སྐྱོབ་སྐབས། ཚང་མས་རང་ཉིད་ཀྱི་ཅ་དངོས་ལ་ལྟ་རྟོག་བྱེད་ཁོམ་པས། འགའ་ཤས་ཀྱི་ལྷམ་ཆུས་འཁྱེར་བ་དང་། འགའ་ཤས་ཀྱི་ཁྲིམས་འཛིན་ཐོ་འགོད་ཡོ་བྱད་ཆུ་ནང་ལྷུང་བ། ཡང་འགའ་ཤས་ཤིག་གི་ལག་ཐོག་ཁ་པར་ལ་ཆུ་ཤོར་ཡོད། དེ་རྗེས་སྨན་དོན་མི་སྣས་སྲོག་སྐྱོབ་བྱས་པ་བརྒྱུད་བུད་མེད་དེའི་ཚོར་བ་སླར་གསོ་ཐུབ་མོད། འོན་ཀྱང་སེམས་ཁམས་ཀྱི་གནས་ཚུལ་ཡག་པོ་མེད་པས། མི་གཞན་དང་གླེང་མོལ་བྱེད་འདོད་མེད་པ་རེད། མི་དམངས་ཉེན་རྟོག་པས་ཕྱོགས་གཅིག་ནས་བུད་མེད་དེར་ལྟ་རྟོག་བྱེད་པ་དང་། ཕྱོགས་གཅིག་ནས་བུད་མེད་དེའི་ཐོབ་ཐང་གཏན་ཁེལ་བྱས་པ་རེད། བུད་མེད་དེའི་མིང་ལ་ཆིའུ་ཆེ་གེ་མོ་ཟེར་ཞིང་། རང་ལོ་51ལ་སླེབས་པ་དང་། ཉིན་དེར་ལས་ཀ་ཙག་ཙིག་དབང་གིས་ཁྱོ་ག་དང་ཁ་རྩོད་ཤོར་བས་ཆང་རག་བཏུང་རྗེས་རང་སྲོག་ལྕེབས་པའི་བསམ་བློ་འཁོར་བ་རེད།
མི་ཚེ་དཀའ་ཚེགས་ཆེ་ན་ཡང་། ། ཚེ་སྲོག་རྩ་ཆེན་ནོར་བུ་ཡིན། ། ཚེ་སྲོག་གི་མི་རྟག་པའི་རང་བཞིན་རྟོགས་ན། ད་གཟོད་འཚོ་བའི་ཁྲོད་ཀྱི་རྒྱུན་ལྡན་ནི་ཇི་འདྲའི་དོན་དག་གལ་ཆེན་ཞིག་ཡིན་པ་ཤེས་ཐུབ། སྟབས་ལེགས་པ་ཞིག་ལ་བུད་མེད་དེར་སྐྱོན་ཆེར་མེད་ལ། སྲོག་སྐྱོབ་མཁན་གྱི་ཉེན་རྟོག་པ་དང་ཉེན་རྟོག་ལས་རོགས་ཚོར་བསྔགས་བརྗོད་ཞུ།
རྩོམ་སྒྲིག་པ། བདེ་སྒྲོན།