ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

སྲིད་གྲོས་ཨུ་ཡོན་གྱིས་བུད་མེད་དང་བྱིས་པ་བསླུ་འཚོང་ཐད་དོ་སྣང་བྱེད་བཞིན་པ།

སྤེལ་དུས 2022-03-09 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
      སྤྱི་བདེ་པུས་སྤྱི་ཟླ་3ཚེས་1ཉིན་ནས་སྤྱི་ཟླ་12ཚེས་31ཉིན་བར་དུ་བུད་མེད་དང་བྱིས་པ་བསླུ་འཚོང་གི་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུ་ཐག་བཅད་ཡོད། ཇི་ལྟར་བྱས་ཏེ་བུད་མེད་དང་བྱིས་པ་བསླུ་འཚོང་གྱོད་གཞི་གཏན་འགོག་དང་སྔར་ལས་ལྷག་པར་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་ནི་ད་ལོའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་མང་པོས་དོ་ཁུར་བྱེད་པའི་གྲོས་གཞི་ཡིན།
  རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཀྲུའུ་ཀྲེན་ཧྥུ་ཡིས། ང་ཚོས་ད་ལྟ་བསླུས་འཚོང་བྱ་སྤྱོད་ལ་ལོ་ལྔ་ཡན་དང་ལོ་བཅུའི་མན་གྱི་དུས་བཀག་བཙོན་འཇུག་དང་། བསྡུ་ཉོ་བྱས་པར་ལོ་གསུམ་མན་གྱི་དུས་བཀག་བཙོན་འཇུག་དང་བཀག་ཉར། ལྟ་སྡོམ་བཅས་ཀྱི་ཉེས་པ་གཅོད་ཀྱི་ཡོད། བསྡུར་བ་བྱས་ན་བསྡུ་ཉོ་བྱས་པར་ཆད་གཅོད་ཅུང་ཡང་བ་ཡོད། ཉེས་གསོག་བྱ་སྤྱོད་འདི་གཉིས་དོན་དངོས་ཐོག་སྤྱི་ཡོངས་ཤིག་ཡིན་པའི་རྐྱེན་གྱིས་ཉེས་གསོག་བྱ་སྤྱོད་གཉིས་ཀར་རྡུང་རྡེག་བྱེད་ཤུགས་གཅིག་མཚུངས་བྱེད་དགོས་ཞེས་བཤད་ཡོད།
  ད་ལོའི་བུད་མེད་དང་བྱིས་པ་བསླུ་འཚོང་གི་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་ལ་དམིགས་ནས། སྤྱི་བདེ་པུས་ཀྱང་གཅིག་བསྡུས་ཀྱིས་ཁུངས་སྣེ་ཁག་ཅིག་ལ་ཞིབ་བཤེར་བྱ་རྒྱུའི་བླང་བྱ་གསལ་པོ་བཏོན་ནས། འབྱུང་རྩ་དག་ཅིང་གནས་ཚུལ་གསལ་པོར་ཡོང་བ་འགན་ལེན་བྱས་ཡོད།
  རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཧོང་ཆི་ཡིས། བསླུ་འཚོང་དང་བསྡུ་ཉོ་བྱེད་པའི་གོ་རིམ་གང་ཞིག་ཡིན་རུང་ཚང་མར་དུས་གཅིག་ཏུ་བཙན་ཁྲིད་དང་དུས་གཅིག་ཏུ་གནོད་འཚེ་གཏོང་བ། དེ་བཞིན་བཙན་གཡེམ་སོགས་ཉེས་སྤྱོད་གཞན་པ་ཐོན་སྲིད་པ་དང་། གལ་ཏེ་མྱུལ་ཞིབ་ཆ་ཚང་བ་བྱས་ཡོད་ཚེ་ཉེས་སྤྱོད་དེ་དག་ཚང་མ་མྱུལ་ཞིབ་བྱས་ནས། དེ་རྗེས་ཁྲིམས་ཁང་གིས་མཇུག་མཐར་བྱས་ཉེས་ཚང་མར་མཉམ་དུ་ཁྲིམས་ཆད་བཅད་ཚེ། བསྡུ་ཉོའི་བྱས་ཉེས་ལ་ད་ལྟའི་ཉེས་ཁྲིམས་གཏན་འབེབས་ཀྱི་ཆད་པ་ཆེན་པོ་མེད་རུང་། དོན་དངོས་ཐོག་ཆད་པ་གཅོད་སྐབས་དེའི་ཆད་གཅོད་རིམ་པ་མཐོ་རུ་གཏོང་ཐུབ་ཅེས་བསྟན་ཡོད།
  ཨུ་ཡོན་མང་པོས་བསླུས་འཚོང་དོན་རྐྱེན་ཐོན་མང་བའི་ས་ཁུལ་གྱི་མང་ཚོགས་གོ་མེད་ཚོར་མེད་ཡིན་པའི་བསམ་བློ་གཙང་སེལ་བྱས་ནས། མང་ཚོགས་ལ་བསླུ་འཚོང་བྱས་པའམ་ཡང་ན་བསྡུ་ཉོ་བྱས་པ། དེ་བཞིན་ཉེན་སྐྱོབ་ལས་དོན་ལ་བཀག་འགོག་བྱེད་པའི་བྱ་སྤྱོད་སོགས་གང་ཞིག་ཡིན་རུང་ཚང་མ་ཉེས་ཁྲིམས་དང་འགལ་བའི་ཉེས་གསོག་བྱ་སྤྱོད་ཡིན་པ་ཤེས་སུ་འཇུག་དགོས་ལ། དུས་མཚུངས་སུ་བུད་མེད་དང་བྱིས་པ་བསླུ་འཚོང་ཐད་ཀྱི་སྤྱི་ཚོགས་རོགས་སྐྱོབ་དང་རོགས་རམ་ཤུགས་ཆེར་བཏང་ནས། བྱེད་ཐབས་མང་པོ་མཉམ་དུ་སྤེལ་དགོས་ཞེས་བསྟན་ཡོད།
     རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཕེང་ཅིན་གྱིས། ཁྲིམས་འཛུགས་ཀྱི་ངོས་ནས་ཆད་གཅོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཐག་གཅོད་བྱེད་དགོས་ལ། ཁྲིམས་འཛིན་ཁྲིམས་བསྟར་ངོས་ནས་མཐོ་གནོན་རྡུང་རྡེག་བྱེད་པའི་རྣམ་པ་རྒྱུན་འཁྱོངས་བྱེད་དགོས། ད་དུང་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། འདི་ནི་ཆ་སྒྲིག་བྱེད་སྟངས་ཤིག་ཡིན་ཞེས་བཤད་ཡོད།
རྩོམ་སྒྲིག་པ། བདེ་སྒྲོན།