གསར་འགོད་པས་རྒྱལ་ཁབ་རྡོ་ཐ་ཆེད་འཚོང་ཅུས་ནས་ཤེས་རྟོགས་བྱུང་བར། གློག་རྡུལ་ཐ་མག་དོ་དམ་བྱེད་ཐབས་ཉེ་ཆར་འགྲེམ་སྤེལ་བྱ་རྒྱུ་མ་ཟད། སྤྱི་ཟླ་5ཚེས་1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ་རེད།
གློག་རྡུལ་ཐ་མག་དོ་དམ་བྱེད་ཐབས་ཀྱི་ནང་དོན་གཙོ་བོ་ནི།
དང་པོ། གློག་རྡུལ་ཐ་མག་གི་མཚན་ཉིད་དང་ལྟ་སྐུལ་དོ་དམ་བྱེད་ཡུལ་གཏན་འཁེལ་བྱེད་རྒྱུ།
གཉིས་པ། གློག་རྡུལ་ཐ་མག་ཐོན་སྐྱེད་དང་། འགྲེམ་ཚོང་། སིལ་འཚོང་སོགས་གཙོ་གཞི་ལ་ཆོག་འཐུས་ལག་འཁྱེར་དོ་དམ་ལག་བསྟར་བྱ་རྒྱུ་དང་། གློག་རྡུལ་ཐ་མག་ཆོག་འཐུས་ལག་འཁྱེར་དོ་དམ་ལ་སྲིད་འཛིན་ཆོག་འཐུས་རིགས་གསར་པ་མི་འཛུགས་པར། རྡོ་ཐ་ཆེད་འཚོང་ཐོན་སྐྱེད་དང་། འགྲེམ་འཚོང་དང་སིལ་འཚོང་ཆོག་འཐུས་ལག་འཁྱེར་གྱི་ཆོག་འཐུས་ཁྱབ་ཁོངས་ནང་དུ་འབྲེལ་ཡོད་དོན་ཚན་ཁ་སྣོན་བྱ་རྒྱུ།
གསུམ་པ། གློག་རྡུལ་ཐ་མག་ཆེད་འཚོང་བྱེད་ལམ་གྱི་དོ་དམ་ཐད་གློག་རྡུལ་ཐ་མག་ཉོ་ཚོང་དོ་དམ་སྟེགས་བུ་བཙུགས་ནས། གློག་རྡུལ་ཐ་མག་གི་ཕྱིར་འཚོང་བྱེད་ཐབས་ཚད་ལྡན་དུ་གཏོང་རྒྱུ།
བཞི་པ། གློག་རྡུལ་ཐ་མག་ཐོན་རྫས་ཀྱི་སྤུས་ཚད་ལ་གོ་རིམ་ཧྲིལ་པོར་དོ་དམ་བྱས་ནས། གློག་རྡུལ་ཐ་མག་ཐོན་རྫས་ཀྱི་ལག་རྩལ་ཞིབ་བཤེར་དང་རྗེས་འདེད་ཁུངས་འདེད་ལམ་སྲོལ་འཛུགས་རྒྱུ།
ལྔ་པ། གློག་རྡུལ་ཐ་མག་སྐྱེལ་འདྲེན་དང་ནང་འདྲེན་ཕྱིར་གཏོང་ལ་ཁྲིམས་ལྟར་ལྟ་སྐུལ་དོ་དམ་བྱ་རྒྱུ།
དེ་མིན་གློག་རྡུལ་ཐ་མག་དོ་དམ་བྱེད་ཐབས་ནང་ད་དུང་བསྟན་དོན། སློབ་གྲྭ་འབྲིང་ཆུང་དཀྱུས་མ་དང་དམིགས་བསལ་སློབ་གསོའི་སློབ་གྲྭ། འབྲིང་རིམ་ཆེད་ལས་སློབ་གྲྭ། ཆེད་སྦྱོང་སློབ་གྲྭ། བྱིས་གསོ་ཁང་བཅས་ཀྱི་མཐའ་འཁོར་དུ་གློག་རྡུལ་ཐ་མག་ཕྱིར་འཚོང་བྱེད་ས་བཀོད་སྒྲིག་བྱེད་མི་ཆོག་ཅིང་། རྣམ་པ་གང་རུང་གི་ཐོག་ནས་གློག་རྡུལ་མ་ཐག་ཐོན་རྫས་ཀྱི་འགྲེམ་ཚོགས་དང་གླེང་སྟེགས། དངོས་མང་འགྲེམ་ཚོགས་སོགས་སྤེལ་མི་ཆོག་པ།
ལོ་ན་མ་སོན་པའི་མིར་གློག་རྡུལ་ཐ་མག་ཐོན་རྫས་ཕྱིར་འཚོང་བྱེད་པ་གཏན་འགོག་དང་། རང་འགུལ་དངོས་འཚོང་འཕྲུལ་ཆས་སོགས་རང་འགུལ་ཕྱིར་འཚོང་བྱེད་ཐབས་བརྒྱུད་ནས་གློག་རྡུལ་ཐ་མག་ཐོན་རྫས་ཕྱིར་འཚོང་བྱེད་པའམ་རྣམ་པ་བསྒྱུར་ནས་ཕྱིར་འཚོང་བྱེད་པ་གཏན་འགོག་བྱ་རྒྱུ། རྡོ་ཐའི་བྲོ་བ་ཕུད་པའི་བྲོ་བསྒྱུར་གློག་རྡུལ་ཐ་མག་དང་རང་འགུལ་སྨུག་གཟུགས་དངོས་པོ་ཁ་སྣོན་བྱེད་པའི་གློག་རྡུལ་ཐ་མག་ཕྱིར་འཚོང་བྱེད་པ་གཏན་འགོག་བྱ་རྒྱུ་བཅས་ཡིན་པ་རེད། །
རྩོམ་སྒྲིག་པ། བདེ་སྒྲོན།