སྤྱི་ཟླ་3ཚེས་15ཉིན་གྱི་དགོང་མོ་ཀྲུང་དབྱང་བརྙན་འཕྲིན་ཁང་གི་སྤྱི་ལོ་2022ལོའི་“3·15”དགོང་ཚོགས་ཐོག་ཁེ་ལས་གྲགས་ཅན་མང་པོར་སྐྱུར་ཚལ་ལས་སྣོན་བྱེད་མཁན་ཁེ་ལས་ཤིག་ཐེར་འདོན་བྱས་ཡོད་ཅིང་། སྐྱུར་ཚལ་གྱི་སྐྱུག་བྲོ་བའི་ཐོན་སྐྱེད་ཁོར་ཡུག་དང་ཚད་ལས་བརྒལ་བའི་རུལ་འགོག་རྫས་རྒྱུ་སོགས་ནི་མཐོང་བ་ཙམ་གྱིས་ཧང་སངས་དགོས་པ་ཞིག་འདུག
ཁྲ་ཆི་(插旗)ཚལ་ལས་ནི་ཧུའུ་ནན་ཞིང་ཆེན་ཧོ་རོང་རྫོང་གི་སྔོ་ཚལ་ལས་སྣོན་བསྐྱར་མ་བྱེད་མཁན་ཁེ་ལས་ཅུང་ཆེན་པོ་ཞིག་ཡིན་པ་དང་། ཁེ་ལས་གྲགས་ཅན་མང་པོའི་སྐྱུར་ཚལ་ཐོན་རྫས་ལས་སྣོན་བྱེད་ཀྱི་ཡོད་ལ། སྟབས་བདེའི་ཐུག་པའི་ཁེ་ལས་ཁ་ཤས་ཀྱི་རྫ་རྙིང་སྐྱུར་ཚལ་ལས་སྣོན་བྱེད་ཀྱི་ཡོད་ཅིང་། རྫ་རྙིང་བཟོ་རྩལ་སྤྱད་ཅིང་དུས་ཡུན་འདང་ངེས་སྐྱུར་བསྙལ་བྱས་ཡོད་ཅེས་བརྗོད་ཀྱི་ཡོད།
ཡིན་ནའང་གསར་འགོད་པས་ཡུལ་དངོས་སུ་རྩད་འདྲི་བྱས་པ་བརྒྱུད་ནས་ཤེས་རྟོགས་བྱུང་བར། ཁེ་ལས་དེའི་ཚད་ལྡན་ཅན་གྱི་བསྙལ་བཟོ་རྫིང་བུ་ནས་ཐོན་པའི་སྐྱུར་ཚལ་ནི་ཕྱིར་གཏོང་ཐོན་རྫས་ལས་སྣོན་ཐད་སྤྱོད་ཀྱི་ཡོད་པ་དང་། རྫ་རྙིང་སྐྱུར་ཚལ་ཁུག་མའི་ནང་གི་སྐྱུར་ཚལ་ནི་དོན་དངོས་ཐོག་ཕྱི་ནས་ཉོ་སྒྲུབ་བྱས་པའི་ས་ཁུང་སྐྱུར་ཚལ་ཡིན་པ་རེད།
སྐྱུར་ཚལ་བསྙལ་བཟོ་བྱེད་སའི་ས་ཁུང་གི་ཉེ་འགྲམ་དུ་བཟོ་པ་རྣམས་ཀྱིས་འདྲུད་ལྷམ་གྱོན་པ་དང་། ལ་ལས་རྐང་རྗེན་གྱིས་སྐྱུར་ཚལ་སྟེང་དུ་རྡོག་གནོན་བྱེད་ཅིང་། ལ་ལས་ཐ་ན་ཐ་མག་འཐེན་ཞོར་དུ་ལས་ཀ་བྱེད་ཅིང་ཐ་མག་གི་རོ་ཏོ་ཐད་ཀར་སྐྱུར་ཚལ་སྟེང་དུ་གཡུག་གི་ཡོད། ཡིན་ནའང་སྐྱུར་ཚལ་དེ་དག་ཁྲ་ཆི་ཚལ་ལས་ཀྱིས་བསྡུ་ཉོ་བྱེད་སྐབས་འཕྲོད་བསྟེན་དམིགས་ཚད་ལ་ཞིབ་བཤེར་བྱེད་ཀྱི་མེད་པ་རེད།
ཤེས་རྟོགས་བྱུང་བར། གཡོད་ཡང་གྲོང་ཁྱེར་ཅུན་ཧྲན་ཁུལ་ཡ་ཡོན་བསྙལ་ཚལ་བཟའ་བཅའ་བཟོ་གྲྭས་ཀྱང་ཞིང་དུད་ཀྱི་ས་ཁུང་ནང་གི་ཚལ་བསྡུ་ཉོ་བྱེད་ཀྱི་ཡོད་པ་དང་། འཁོར་ཁང་ནང་དུ་སྐྱུར་བཟོས་ཚལ་འབོར་ཆེན་ཐད་ཀར་ས་སྟེང་དུ་གཡུག་ཡོད་པ་རེད། ཐན་ཐན་ཆའོ་(坛坛俏)བཟའ་བཅའ་ཚད་ཡོད་ཀུང་སིའི་འགན་འཁུར་བས་ད་ལྟ་ཁོ་ཚོས་བཟོ་བཞིན་པའི་སྐྱུར་ཚལ་ནང་གི་རུལ་འགོག་རྫས་རྒྱུ་ནི་ཚད་ལས་བརྒལ་ཡོད་པ་དང་། དབྱར་ཁ་སྤྱིར་བཏང་དུ་ལྡབ་2-10ཙམ་གྱིས་ཚད་ལས་བརྒལ་ཡོད་ཅེས་བཤད་ཡོད་པ་རེད།
ཁེ་ལས་འཚོལ་བཤེར་སྟེགས་བུ་ལས་མངོན་པར། ཧུའུ་ནན་ཁྲ་ཆི་ཚལ་ལས་ཚད་ཡོད་ཀུང་སིར་ཐེངས་མང་པོར་སྐབས་བསྟུན་གཉིས་ཀྱི་འཐེན་བཤེར་ཁྲོད་གནད་དོན་མཐོང་མྱོང་བ་དང་། ཡོ་བསྲང་བྱེད་དགོས་པའི་བཀའ་ཕབ་ཡོད་པ་རེད།
ཀྲུང་དབྱང་བརྙན་འཕྲིན་ཁང་གི་“3·15”དགོང་ཚོགས་ཐོག་ཐེར་འདོན་བྱས་པའི་ཧུའུ་ནན་ཁྲ་ཆི་ཚལ་ལས་ཀྱི་ས་ཁུང་སྐྱུར་ཚལ་བཟའ་བཅའི་བདེ་འཇགས་གནད་དོན་ལ་དམིགས་ནས། ཁང་ཧྲི་ཧྥུ་(康师傅)སྟབས་བདེའི་ཐུག་པ་མ་འཇོག་(ཀྲུང་གོ་)ཚད་ཡོད་ཀུང་སིས་གསལ་བསྒྲགས་སྤེལ་ནས། ཧུའུ་ནན་ཁྲ་ཆི་ཚལ་ལས་ཚད་ཡོད་ཀུང་སི་ནི་ཀུང་སི་དེ་གའི་སྐྱུར་ཚལ་མཁོ་སྤྲོད་ཚོང་པའི་གྲས་ཤིག་ཡིན་པ་དང་། དུས་ཐོག་ཏུ་དེ་ཉིད་ཀྱི་མཁོ་སྤྲོད་ཚོང་པའི་ཐོབ་ཐང་མཚམས་འཇོག་བྱས་ཤིང་། མཉམ་ལས་ཡོད་ཚད་མེད་པར་བཟོས་པ་དང་། དེ་ཉིད་ཀྱི་སྐྱུར་ཚལ་ཁུག་མའི་ཐོན་རྫས་བཀག་སྡོམ་ཉར་ཚགས་བྱས་ཡོད་ལ། ལྟ་སྐུལ་དོ་དམ་སྡེ་ཁག་གི་བརྟག་དཔྱད་དང་ཞིབ་བཤེར་ལ་རམ་འདེགས་ཧུར་ཐག་བྱ་རྒྱུ་ཡིན་པ་བསྟན་ཡོད། དུས་མཚུངས་སུ་འཛད་སྤྱོད་པའི་ཡིད་ཆེས་སྟོང་ཟད་དུ་བཏང་བར་དགོངས་དག་ཐུག་བདེན་ཞུ་རྒྱུ་མ་ཟད་སྔ་བསླབ་ཕྱི་འདོམས་བྱ་རྒྱུ་ཡིན་པ་བསྟན་ཡོད།
གཅིག་གྱུར་(ཀྲུང་གོ)མ་འཇོག་ཚད་ཡོད་ཀུང་སིས་གསལ་བསྒྲགས་སྤེལ་ནས། སྤྱི་ལོ་2012ལོའི་ལོ་མཇུག་ནས་བཟུང་ཧུའུ་ནན་ཁྲ་ཆི་དང་མཉམ་ལས་བྱས་མྱོང་མེད་པ་དང་། ནུས་ཤུགས་ཡོད་རྒུས་སྲིད་གཞུང་གི་ལྟ་སྐུལ་དོ་དམ་སྡེ་ཁག་གི་བརྟག་དཔྱད་དང་ཐག་གཅོད་ལ་རམ་འདེགས་བྱ་རྒྱུ་ཡིན་པ་བཤད་ཡོད་ལ། དུས་མཚུངས་སུ་ཐེངས་འདིའི་དོན་རྐྱེན་ནི་ཀུང་སིའི་དོ་དམ་གྱི་ནོར་འཛོལ་ཡིན་པ་དང་། རྒྱ་ཆེའི་འཛད་སྤྱོད་པའི་ཡིད་ཆེས་སྟོང་ཟད་དུ་བཏང་བས། དགོངས་དག་ཐུག་བདེན་ཞུ་རྒྱུ་ཡིན་པ་བསྟན་ཡོད།
དྲ་རྒྱའི་ཚོང་སྟེགས་མང་པོ་རུ་རྫ་རྙིང་སྐྱུར་ཚལ་(老坛酸菜)ཐོན་རྫས་འཚོལ་བཤེར་བྱེད་མི་ཐུབ།
ཁྲ་ཆི་ཚལ་ལས་ཀུང་སི་ཐེར་འདོན་བྱས་རྗེས། དེའི་དགོང་མོར་དྲ་རྒྱའི་ཚོང་སྟེགས་མང་པོ་རུ་རྫ་རྙིང་སྐྱུར་ཚལ་ཐོན་རྫས་འཚོལ་བཤེར་མི་ཐུབ་པར་གྱུར་བ་དང་། ཁྲ་ཆི་ཚལ་ལས་ཀྱི་གཞུང་ཕྱོགས་དྲ་ཚིགས་སུ་འཛུལ་མི་ཐུབ་པར་གྱུར་ཡོད།
རྩོམ་སྒྲིག་པ། བདེ་སྒྲོན།