སྤྱི་ཟླ་3ཚེས་19ཉིན། ཁྲུང་ཆིང་ཧྲ་ཕིང་པ་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཁྲུང་ཆིང་གི་སྨན་ཁང་ཞིག་གི་ཕྲུ་གུ་རྒྱུད་བཟང་འདེམས་སྦྲུམ་འཆར་གཞི་ཞེས་པར་བརྟག་དཔྱད་བྱེད་འགོ་ཚུགས་པ་རེད།
ཕྲུ་གུ་ཕོ་མོ་རང་འདེམས་བྱས་ཆོག་ཟེར་བ་དེ་བདེན་ནམ་ཞེ་ན། ཉེ་ཆར། གྲོང་མི་ཚོས་ཁྲུང་ཆིང་ཧྲ་ཕིང་པ་ཁུལ་ཨའེ་ཏེ་ཧྭ་སྨན་ཁང་གིས་ཕྲུ་གུ་ཕོ་མོ་རང་འདེམས་བྱས་ཆོག་པའི་སྔོན་མངགས་མངལ་སྦྲུམ་ཞེས་པའི་བརྡ་ཁྱབ་ཞིག་སྤེལ་ཡོད་པའི་སྐོར་ཐེར་འདོན་བྱས་ཡོད་པ་རེད།
སྨན་ཁང་གི་ཀྲུའུ་རེན་ཡང་ཞེས་པ་དེས། ལག་རྩལ་དེ་ནི་དབྱིན་ཇི་དང་། འཇར་མན། ལྗར་ཕན་བཅས་ནས་ནང་འདྲེན་བྱས་པའི་LSTཕྲུ་གུ་རྒྱུད་བཟང་འདེམས་སྦྲུམ་ལག་རྩལ་ཡིན་ཞིང་། ཇུས་གཞི་རིགས་གསུམ་ཡོད་པ། རིན་གོང་མཐོ་ཤོས་ཀྱི་ཇུས་གཞིའི་ཕོ་མོ་འདེམས་སྦྲུམ་ལེགས་གྲུབ་བྱུང་ཚད་99%ཟིན་པ་མ་ཟད། ད་དུང་མི་སྒེར་གྱི་གྲངས་གཞི་ཆེན་པོ་འཚོལ་བསྡུ་དང་རྩིས་རྒྱག་བྱས་པའི་འདེམས་སྦྲུམ་གྱི་ཟུར་ཁྲིད་ནང་དོན་ཡང་ཚུད་ཡོད་ཅེས་དང་། རིན་གོང་ཅུང་དམའ་བའི་ཇུས་གཞི་གཞན་གཉིས་ནི་གཙོ་བོ་སྨན་དང་ཕྱིའི་ཤུགས་ཀྱི་བཅོས་ཐབས་ཡིན་ཞེས་བཤད་ཡོད་པ་རེད།
གསར་འགོད་པས་གྲངས་གཞི་ཆེན་པོ་འཚོལ་བསྡུ་དང་རྩིས་རྒྱག་བྱས་པའི་འདེམས་སྦྲུམ་གྱི་ཟུར་ཁྲིད་ཅེས་པ་ཅི་ཞིག་ཡིན་ཚུལ་དྲིས་པ་ན། ཀྲུའུ་རེན་ཡང་ཞེས་པ་དེས་སྐད་ཆ་བཤད་འདོད་མི་བྱེད་པ་དང་ཁྱེད་ཀྱིས་མང་པོ་འདྲི་མི་དགོས།(དངུལ་སྤྲད་ནས་གཏན་འཁེལ་བྱས་པའི་)རྗེས་སུ་ང་ཚོས་ཇི་ལྟར་བྱེད་དགོས་མིན་བཤད་ཡོང་ཞེས་བཤད།
བརྡ་ཁྱབ་ནང་གི་ལེགས་གྲུབ་བྱུང་ཚད་99%ཟིན་ཞེས་པའི་སྐོར་ལ་ཀྲུའུ་རེན་ཡང་ཞེས་པ་དེས། ངས་ཤེས་ཀྱི་མེད། གང་ལྟར་ཁོ་ཚོས་འདི་ལྟར་དྲིལ་བསྒྲགས་བྱེད་ཀྱི་འདུག་ཅེས་བཤད།
གསར་འགོད་པས་LSTལག་རྩལ་ནི་གསོ་རིག་གི་ཐ་སྙད་གང་ཞིག་ཡིན་པ་དང་འཚོལ་ཞིབ་ཐུབ་མིན་སྐོར་སྐད་ཆ་དྲིས་པ་ན། ཀྲུའུ་རེན་ཡང་ཞེས་པ་དེས། དེ་ནི་རྒྱལ་ཁབ་མང་པོའི་མཉམ་འབྲེལ་ལག་རྩལ་ཞིག་ཡིན་པས་ནང་དོན་ཞིབ་ཕྲ་བཤད་མི་རུང་། དངུལ་སྤྲད་ནས་མིང་རྟགས་མ་བཀོད་གོང་གསལ་བཤད་ཞིབ་ཕྲ་བྱེད་མི་ཐུབ་ཟེར།

《ཀྲུ་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མ་བུའི་ལུས་ཁམས་བདེ་སྲུང་བཅའ་ཁྲིམས་》ནང་འཁོད་དོན་ཚན་སོ་གཉིས་པའི་ནང་། སྨན་བཅོས་དང་ལུས་ཁམས་བདེ་སྲུང་ལས་ཁུངས་ཀྱིས་བཅའ་ཁྲིམས་འདིའི་ནང་འཁོད་གཏན་འབེབས་ལྟར་གཉེན་སྒྲིག་མ་བྱས་གོང་གསོ་རིག་ཐད་ཀྱི་ཞིབ་དཔྱད་དང་རྒྱུད་འདེད་ནད་གཞིར་ཞིབ་དཔྱད། སྦྲུམ་མའི་གནས་བབ་ལ་ཞིབ་དཔྱད་བཅས་དང་དེ་བཞིན་ཁམས་དཀར་དམར་འདྲེན་སྦུབས་སྡོམ་པའི་གཤགས་བཅོས་དང་མངལ་སྦྲུམ་འགོག་པའི་གཤགས་བཅོས་བྱེད་རིགས་ངེས་པར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་ནས་གཏན་འབེབས་བྱས་པའི་ཆ་རྐྱེན་དང་ལག་རྩལ་གྱི་ཚད་གཞི་དང་མཐུན་དགོས་པ་མ་ཟད། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གི་ཆོག་མཆན་ཡང་འཐོབ་དགོས། ལག་རྩལ་གྱི་བྱེད་ཐབས་ལ་བརྟེན་ནས་མངལ་གནས་ཕྲུ་གུ་བུ་དང་བུ་མོ་གང་ཡིན་གསལ་འབྱེད་བྱེད་རིགས་བཀག་འགོག་ནན་པོ་བྱེད་དགོས། འོན་ཀྱང་གསོ་རིག་ཐད་ཀྱི་དགོས་མཁོ་ཡོད་རིགས་ཚུད་མེད།
ཀྲུའུ་རེན་ཡང་ཞེས་པ་དེས། ཨའེ་ཏེ་ཧྭ་སྨན་ཁང་གིས་ཀྱང་མངལ་གནས་ཕྲུ་གུ་ཕོ་མོ་གང་ཡིན་གྱི་གསལ་འབྱེད་མི་བྱེད་པས་ཁྲག་འཐེན་ནས་ས་ཆ་གཞན་དུ་བརྟག་དཔྱད་བྱེད་པར་སྐྱེལ་དགོས་ཤིང་། འགྲོ་སོང་སྒོར་ཉིས་སྟོང་ཙམ་གཏོང་དགོས་ཀྱི་ཡོད་ཟེར།
གཞུང་ཕྱོགས་ཀྱི་ཨ་ལན་བསློགས་དོན།
སྤྱི་ཚེས་18ཉིན་གྱི་སྔ་དྲོ་གསར་འགོད་པས་གནས་ཚུལ་དེ་ཁྲུང་ཆིང་ཧྲ་ཕིང་པ་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ལ་གོང་ཞུ་བྱས་ཡོད་པ་རེད།
ཕྱོགས་བསྡུས་ཁྲིམས་འཛིན་ཉིང་ལག་རུ་ཁག་གི་ལས་དོན་མི་སྣ་དང་གསར་འགོད་པ་མཉམ་དུ་ཨའེ་ཏེ་ཧྭ་སྨན་ཁང་དུ་ཡོང་ནས་སྨན་ཁང་ཕྱོགས་ལ་འབྲེལ་ཡོད་བརྡ་ཁྱབ་བྱང་བུ་བཤིག་དགོས་པའི་བླང་བྱ་བཏོན་པ་རེད།
གསར་འགོད་པས་ཡུལ་དངོས་ཀྱི་ཁྲིམས་འཛིན་བརྒྱུད་རིམ་ནང་ཤེས་རྟོགས་བྱས་པར་གཞིགས་ན། ཨའེ་ཏེ་ཧྭ་སྨན་ཁང་གི་LSTཕྲུ་གུ་རྒྱུད་བཟང་འདེམས་སྦྲུམ་འཆར་གཞིར་འབྲེལ་ཡོད་ཀྱི་ཐོ་འགོད་སྙན་སེང་དང་ཆོག་འཐུས་གང་ཡང་ཐོབ་མེད་པ་རེད།
ཨའེ་ཏེ་ཧྭ་སྨན་ཁང་གི་ཀྲུའུ་རེན་ཡང་ཞེས་པ་དེས་ཕྱོགས་བསྡུས་ཁྲིམས་འཛིན་ཉིང་ལག་རུ་ཁག་གི་ལས་དོན་མི་སྣར། དོན་དངོས་སུ་འཆར་གཞི་དེ་མིག་སྔར་དྲིལ་བསྒྲགས་ཀྱི་དུས་རིམ་དུ་གནས་པ་ལས་ནད་པར་བརྟག་དཔྱད་བྱེད་འགོ་ཚུགས་མེད་ཅེས་བཤད།
སྨན་ཁང་གི་འཆར་གཞི་དེའི་ཐད་ལ། ཀྲུའུ་རེན་ཡང་ཞེས་པ་དེས་མ་གཞི་ནས་དང་ཐོག་ལེགས་བཙའ་ལེགས་གསོ་ལ་དམིགས་པ་ཡིན་མོད། རྗེས་སུ་ཁ་ཕྱོགས་འགྱུར་ཡོད་ཅེས་དང་། དེ་དག་ཚང་མ་སྨན་ཁང་ཕྱོགས་ཀྱི་འདོད་བློ་ཡིན་ཟེར།
ཨའེ་ཏེ་ཧྭ་སྨན་ཁང་གི་སྨན་དོན་ཚན་ཁག་གི་འགན་འཁུར་བ་ལིའུ་ཞེས་པ་དེས། སྨན་ཁང་གི་ཕྲུ་གུ་རྒྱུད་བཟང་འདེམས་སྦྲུམ་འཆར་གཞི་དེ་ཁ་སང་མཚམས་བཞག་ཡོད་ཅེས་དང་། བརྡ་ཁྱབ་ནང་གི་LSTལག་རྩལ་སྐོར་ནི་ཁོ་པས་ཀྱང་གསལ་པོ་ཤེས་ཀྱི་མེད་ཅེས་བཤད་ཡོད་པ་རེད།
དོན་དག་འདིའི་སྐོར་ལ་ལིའུ་ཞེས་པ་དེས་ཀྱང་སྨན་ཁང་ཕྱོགས་ཀྱིས་རང་སྐྱོན་རང་འདོམས་བྱས་ཡོད་ཟེར།
མིག་སྔར་ཕྱོགས་བསྡུས་ཁྲིམས་འཛིན་ཉིང་ལག་རུ་ཁག་གིས་རྣམ་གྲངས་དེ་མཚམས་འཇོག་ཏུ་བཅུག་པ་མ་ཟད་འབྲེལ་ཡོད་གཏན་འབེབས་ལྟར་ཨའེ་ཏེ་ཧྭ་སྨན་ཁང་ལ་ཐ་ཚིག་བསྒྲགས་པ་དང་། དུས་མཚུངས་སུ་འཕྲོད་བསྟེན་ལྟ་སྐུལ་གྱི་བསམ་འཆར་ཡི་གེ་གཤམ་བསྒྲགས་བྱས་ནས་བརྡ་ཁྱབ་བྱང་བུ་འཕྲལ་མར་བཤིག་རྒྱུའི་བཀའ་བཏང་ཡོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།