ཉེ་ཆར། ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་སྤྱི་བདེ་ཅུས་ཡངས་པ་ཅན་སྤྱི་བདེའི་ཞིབ་བཤེར་ས་ཚུགས་ཀྱིས་ཉིང་སྐྱུར་བཤེར་འཇལ་གྱི་བརྟག་དཔྱད་མཇུག་འབྲས་ཞིབ་འབྱེད་བྱས་པ་བརྒྱུད་དེ། ཉིང་སྐྱུར་བཤེར་འཇལ་སྙན་ཞུ་རྫུན་བཟོ་བྱས་པའི་ཁྲིམས་འགལ་གྱོད་གཞི་ཞིག་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་པ་རེད།
གྱོད་གཞིའི་བརྒྱུད་རིམ།
གསར་འགོད་པས་ཤེས་རྟོགས་བྱུང་བར། འདམ་གཞུང་རྫོང་སྤྱི་བདེ་ཅུས་ཡངས་པ་ཅན་སྤྱི་བདེའི་ཞིབ་བཤེར་ས་ཚུགས་ཀྱི་མི་དམངས་ཉེན་རྟོག་པས་ཕར་འགྲོ་ཚུར་འོང་བྱེད་པའི་རླངས་འཁོར་ལ་འཆར་ཅན་གྱི་ཞིབ་བཤེར་བྱེད་སྐབས། ལྗིད་ཐེག་རླངས་འཁོར་གྱི་ཁ་ལོ་བ་ཞིག་གིས་མི་དམངས་ཉེན་རྟོག་པ་དང་ས་ཚུགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྨན་དོན་མི་སྣར་བསྟན་པའི་གློག་རྡུལ་གྱི་ཉིང་སྐྱུར་བཤེར་འཇལ་བརྟག་དཔྱད་མཇུག་འབྲས་རྫུན་བཟོ་བྱས་ཡོད་པའི་དོགས་གཞི་ཡོད་སྟབས། གནས་ཚུལ་དེར་དམིགས་ནས་མི་དམངས་ཉེན་རྟོག་པས་འཕྲལ་དུ་མི་དེར་མུ་མཐུད་ཞིབ་དཔྱད་བྱས།
ཞིབ་དཔྱད་བྱས་པ་བརྒྱུད། ཁ་ལོ་བ་ཧྲེན་ཆེ་གེ་མོའི"བོད་སླ་ཤར་གཏོང"(藏易通)ནང་ཉིང་སྐྱུར་བཤེར་འཇལ་ཚད་ལེན་གྱི་བརྟག་དཔྱད་མཇུག་འབྲས་མངོན་མེད་ཅིང་། མུ་མཐུད་ཞིབ་དཔྱད་བྱས་པ་བརྒྱུད་ཧྲེན་ཆེ་གེ་མོ་ལྷ་སར་ཡོང་སྐབས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་ལྟར་ཉིང་སྐྱུར་བཤེར་འཇལ་ཚད་ལེན་བྱས་མེད་པ་ཤེས་རྟོགས་བྱུང་བ་དང་། རང་ཉིད་ཀྱི་སྐྱེལ་འདྲེན་རླངས་འཁོར་འགོག་རྐྱེན་མི་བཟོ་པའི་ཆེད་དུ། པར་རིས་བཟོ་བཅོས་མཉེན་ཆས་སྤྱད་དེ་མི་གཞན་གྱི་ཉིང་སྐྱུར་བཤེར་འཇལ་ཀྱི་མཇུག་འབྲས་སྲིབ་གཤིས་དེ་རང་ཉིད་ཀྱི་ཉིང་སྐྱུར་བཤེར་འཇལ་བརྟག་དཔྱད་མཇུག་འབྲས་ལ་རྫུན་བཟོ་བྱས་ནས་ཞིབ་བཤེར་ས་ཚུགས་ལས་ཐར་ཐབས་བྱས་པ་རེད། གནས་ཚུལ་དེ་ཤེས་རྗེས་ཡངས་པ་ཅན་སྤྱི་བདེའི་ཞིབ་བཤེར་ས་ཚུགས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་བླང་བྱ་ལྟར་མི་དེ་ཡངས་པ་ཅན་གྲོང་རྡལ་མངགས་གཏོང་ཁང་ལ་སྤྲད་པ་རེད།
མིག་སྔར། ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཁན་ཧྲེན་ཆེ་གེ་མོས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་སྣང་མེད་དུ་བཞག་སྟེ། རྫུན་བཟོ་བྱས་པའི་ཉིང་སྐྱུར་བཤེར་འཇལ་བརྟག་དཔྱད་མཇུག་འབྲས་སྤྱད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྒྲིག་ལམ་དཀྲུགས་རྐྱེན། ཡངས་པ་ཅན་གྲོང་རྡལ་མངགས་གཏོང་ཁང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་བླང་བྱ་ལྟར་ཧྲེན་ཆེ་གེ་མོ་ལ་སྲིད་འཛིན་བཀག་ཉར་ཉིན་བཅུ་ཡི་ཆད་པ་གཅོད་རྒྱུ་རེད།
ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་མཁོ་འདོན་བྱས་པའི་འདྲ་པར།
ཉེན་རྟོག་ཕྱོགས་ཀྱིས་དྲན་སྐུལ་བྱས་དོན། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་རྒྱ་ཆེའི་མང་ཚོགས་ཀྱིས་རང་རྟོགས་ངང་བཅའ་ཁྲིམས་ཁྲིམས་སྲོལ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་བྱེད་དགོས་ཤིང་། སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་ཁྲིམས་ལྟར་ཁྱབ་བསྒྲགས་བྱས་པའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ལག་བསྟར་མི་བྱེད་མཁན་ལ་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་འགལ་གྱི་གནས་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ཏེ། ཁྲིམས་ལྟར་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ་དང་། རྒྱ་ཆེའི་མང་ཚོགས་ཀྱིས་ཁྲིམས་ཤེས་ཁྲིམས་སྲུང་དང་མཐའ་ཚད་དམ་སྲུང་བྱ་རྒྱུའི་རེ་བ་ཡོད་ཅེས་དྲན་སྐུལ་བྱས་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།