▶སི་ཁྲོན་ལུའུ་ཀྲོའུ་རུ་མི4ལ་ཟས་དུག་ཕོག་ནས་རྐྱེན་ལམ་དུ་ཤོར་བ།
སྤེལ་དུས 2022-03-25
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ།
ཟླ3པའི་ཚེས23ཉིན་གྱི་ཆུ་ཚོད16དང་སྐར་མ26སྟེང་། སི་ཁྲོན་ལུའུ་ཀྲོའུ་གྲོང་ཁྱེར་ན་ཞི་ཆུས་སྤྱི་བདེ་ཡན་ལག་ཅུས་ཀྱིས་ཧྥེང་ལེ་གྲོང་རྡལ་དུ་མི4རྐྱེན་ལམ་དུ་ཤོར་བ་ཁྱབ་བསྒྲགས་བྱས།
བརྟག་དཔྱད་ཞིབ་བསྡུར་བྱས་པ་བརྒྱུད་དེ། རྐྱེན་ལམ་དུ་ཤོར་བའི་མི4པོ་ཚང་མ་ཟླ3པའི་ཚེས21ཉིན་གྱི་དགོང་མོར་ཧྥེང་ལེ་གྲོང་རྡལ་ཧྲི་ཐུང་གྲོང་ཚོར་འདས་མཆོད་ཞིག་ལ་ཞུགས་པ་དང་དེ་གར་ཟ་མ་ཟས་པ་རེད། སྤྱི་བདེ་ལས་ཁུངས་ཀྱིས་རྐྱེན་ལམ་དུ་ཤོར་བའི་མི་སྣའི་ཁྲག་དཔེ་བླངས་ནས་ཞིབ་བཤེར་བྱས་པ་ན་ཅ་ཁྲུན(甲醇)གྱི་གྲུབ་ཆ་ཡོད་པ་ཤེས་རྟོགས་བྱུང་། སྤྱི་བདེ་ལས་ཁུངས་ཀྱི་བརྟག་དཔྱད་དང་སྨན་བཅོས་སྲོག་སྐྱོབ་ཀྱི་ཆེད་མཁས་པས་བརྟག་དཔྱད་བྱས་པ་གཉིས་ཟུང་འབྲེལ་བྱས་པ་ལྟར་ན། རྐྱེན་ལམ་དུ་ཤོར་བའི་མི་དེ་དག་ལ་ཅ་ཁྲུན(甲醇)གྱི་དུག་ཕོག་པའི་ཁྱད་རྟགས་ཡོད་ལ། ཁྲུན་རྨང་འབར་རྫས(醇基燃料)ཟ་ནོར་བྱུང་བས་དུག་ཕོག་པ་ར་སྤྲོད་བྱ་ཐུབ།
མིག་སྔའི་བར་རྐྱེན་ལམ་དུ་ཤོར་བའི་མི4པོ་ལས་གཞན། ད་དུང་མི13གྱིས་ཁྲུན་རྨང་འབར་རྫས་ཟ་ནོར་བྱུང་ནས་སྨན་ཁང་དུ་ལྟ་ཞིབ་སྨན་བཅོས་བྱེད་བཞིན་ཡོད་ལ། གནས་སྐབས་སུ་ཚེ་སྲོག་ལ་ཉེན་ཁ་མེད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།