ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

ལོ་18རྗེས་དཔལ་ཡུལ་རྫོང་གི་བུ་མོ་འདི་གཞི་ནས་ཁྱིམ་དུ་ལོག་ཐུབ་འདུག

སྤེལ་དུས 2022-03-28 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
            ལོ་18འགོར་རྗེས། གསོན་བྲལ་དུ་ཕྱིན་པའི་གཉེན་ཉེ་སླར་ཡང་ལྷན་འཛོམས་བྱུང་བས། དྲོ་སྐྱིད་ཀྱི་གསོལ་ཇ་དྲོན་མོ་དེ་གཞི་ནས་ལྷན་དུ་མཆོད་རྒྱུ་བྱུང་འདུག

            དེ་ཡང་། སྤྱི་ལོ་2004ལོར། རང་ལོ་16ལས་ཟིན་མེད་པའི་ཕུན་ཆེ་གེ་མོ་དང་ཁོང་གི་གཅུང་མོ་བསོད་ཆེ་གེ་མོ་(ལོ་13)གཉིས་བོད་ལྗོངས་སུ་མཆོད་མཇལ་ཕྱིན་པ་དང་། ལྷ་སར་འབྱོར་རྗེས་ལུས་ཐོག་ཏུ་དངུལ་མེད་པའི་རྐྱེན་གྱིས་ཁྲོམ་གཞུང་དུ་སློང་མོ་རྒྱག་འགོ་ཚུགས། དེ་རྗེས་མི་ཚོང་རྒྱག་མཁན་གྱིས་ཁ་བསླུས་བརྒྱབ་ནས་ཀན་སུའུ་ཞིང་ཆེན་དུ་བཙོངས་ཤིང་། དུས་དེ་ནས་བཟུང་གཅེན་གཅུང་གཉིས་ཀྱང་ཁ་བྲལ་བ་རེད། དགའ་འོས་པ་ཞིག་ལ་ལོ་ངོ་10ཡི་གོང་བསོད་ཆེ་གེ་མོར་མི་སེམས་བཟང་ཞིག་དང་འཕྲད་ནས་བདེ་བླག་ངང་ཁྱིམ་དུ་ལོག་ཐུབ་ཡོད།

            ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཟླ་2པར་དཔལ་ཡུལ་རྫོང་ཨ་ཚབ་མངགས་གཏོང་ཁང་དུ་ཀན་སུའུ་ཞིང་ཆེན་ཕིང་ལའན་གྲོང་ཁྱེར་ཅིང་ཉིང་རྫོང་ཉེས་དོན་མྱུལ་ཞིབ་ཉིང་ལག་རུ་ཁག་གི་གཞོགས་འདེགས་ཞིབ་བཤེར་ཁ་པར་འབྱོར་ནས་ཕུན་ཆེ་གེ་མོའི་ཐོབ་ཐང་ཆ་འཕྲིན་ལ་ཞིབ་བཤེར་བྱེད་རོགས་བྱ་རྒྱུའི་རེ་ཞུ་བྱས་པ་རེད། ཀན་སུའུ་ཉེན་རྟོག་ཕྱོགས་ཀྱིས་མཁོ་འདོན་བྱས་པའི་ཁུངས་སྣེ་གཞིར་བཟུང་ཨ་ཚབ་མངགས་གཏོང་ཁང་གིས་འཕྲལ་མར་བྱ་སྤྱོད་སྤེལ་ནས་ཕྱོགས་མང་བརྟག་དཔྱད་བྱས་པ་བརྒྱུད་ཕུན་ཆེ་གེ་མོའི་གཉེན་ཉེ་རྙེད་པ་རེད། ཕུན་ཆེ་གེ་མོའི་འདྲ་པར་དེ་ཨ་མས་བལྟས་པ་ཙམ་གྱིས་རང་གི་བུ་མོ་ཡིན་པར་ཤེས་ནས་ངུ་བཞིན་ངུ་བཞིན་འདི་ངའི་བུ་མོ་རེད། ངའི་བུ་མོ་རེད་ཅེས་བརྗོད། ཀན་སུའུ་ཉེན་རྟོག་ཕྱོགས་ཀྱིས་ཀྱང་དབང་གྲགས་སྡེ་ཚན་དང་འབྲེལ་བ་བྱས་ཏེ་DNAཞིབ་བསྡུར་བྱས་པ་བརྒྱུད་ད་ཆའི་སུའུ་ཆེ་གེ་མོ་ནི་དེ་དུས་སྒོ་ཕྱིར་ཐོན་པའི་ཕུན་ཆེ་གེ་མོ་ཡིན་པར་གཏན་འཁེལ་བྱས་འདུག 

            སྤྱི་ལོ་2022ལོའི་ཟླ་3ཚེས་16ཉིན་ནས་ཚེས་24ཉིན་བར། ཨ་ཚབ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཕུན་ག་གེ་མོའི་གཉེན་ཉེ་དང་མཉམ་དུ་ཀན་སུའུ་ཞིང་ཆེན་ཅིན་ཉིང་རྫོང་དུ་ཕུན་ཆེ་གེ་མོ་བསུ་བར་བསྐྱོད་པ་རེད། དཔལ་ཡུལ་དུ་འབྱོར་རྗེས་ཕུན་ཆེ་གེ་མོ་མངགས་གཏོང་ཁང་དུ་ཁྲིད་དེ་ཐེམ་ཐོ་གསར་དུ་བཟོས་པ་རེད། ཕུན་ཆེ་གེ་མོ་དང་ཁོང་གི་ཁྱིམ་མི་ཡོངས་ཀྱིས་སྤུན་མཆེན་མཉམ་འཛོམས་ཀྱི་དགའ་སྐྱིད་ལ་རོལ་བཞིན་ཨ་ཚབ་མངགས་གཏོང་ཁང་གི་ལས་སྒྲུབ་ཀྱི་ཆོད་སེམས་དང་མགྱོགས་ཚད་ལ་བསྟོད་པའི་མཐེ་བོང་བསྒྲེངས་ཡོད། 
རྩོམ་སྒྲིག་པ། བདེ་སྒྲོན།