སྤྱི་ཟླ་2ཚེས་17ཉིན་གྱི་ཆུ་ཚོད་15དང་སྐར་མ་17ཐོག ལྷ་ས་གྲོང་ཁྱེར་ཁ་བསླུས་འགོག་རྒོལ་ལྟེ་གནས་སུ་བོད་ལྗོངས་དངུལ་ཁང་དཔལ་འབྱོར་གསར་སྤེལ་ཁུལ་ཉིང་ལག་དངུལ་ཁང་གི་ལས་དོན་མི་སྣ་སྐུ་ཞབས་ཀྲང་ལགས་(མིང་འགྱུར་མ)ཀྱི་ཉེན་བརྡའི་ཁ་པར་འབྱོར་ཏེ། མིང་ལ་ཡེ་ཆེ་གེ་མོ་ཟེར་བའི་སྐྱེས་པ་ཞིག་གིས་དངུལ་ཁང་ལ་ཁོ་བོའི་དངུལ་བྱང་བསྡམས་བཅད་བྱས་པའི་རྒྱུ་མཚན་འདྲི་བཞིན་ཡོད་པས། སྤྱི་བདེ་ལས་ཁུངས་ཀྱིས་འབྲེལ་ཡོད་ཞིབ་བཤེར་ལས་དོན་སྤེལ་རོགས་ཞུ་ཞེས་ཞུས་ཡོད་པ་རེད།
ཉེན་བརྡ་འབྱོར་རྗེས། ཁ་བསླུས་འགོག་རྒོལ་ལྟེ་གནས་ཀྱིས་མྱུར་དུ་མྱུལ་ཞིབ་མི་སྣ་རྩ་འཛུགས་བྱས་ནས་བོད་ལྗོངས་དངུལ་ཁང་དཔལ་འབྱོར་གསར་སྤེལ་ཁུལ་ཉིང་ལག་དངུལ་ཁང་དུ་ཕྱིན་ཏེ་འབྲེལ་ཡོད་ཞིབ་བཤེར་ལས་དོན་སྤེལ་བ་རེད། ཞིབ་བཤེར་འབོར་ཆེན་བྱས་པ་བརྒྱུད། མི་དམངས་ཉེན་རྟོག་པས་ཐོག་མའི་ཆ་ནས་ཡེ་ཆེ་གེ་མོར་ཁྲིམས་འགལ་ཉེས་གསོག་གི་དོགས་པ་ཡོད་པ་གཏན་འཁེལ་བྱས་ཤིང་། དེ་འཕྲལ་ཉེས་དོན་ཉེན་རྟོག་ཡན་ལག་རུ་ཁག་ཏུ་ཁྲིད་དེ་མུ་མཐུད་དུ་ཞིབ་བཤེར་བྱས་པ་རེད།
དེ་དང་དུས་མཚུངས་སུ་བོད་ལྗོངས་དངུལ་ཁང་དཔལ་འབྱོར་གསར་སྤེལ་ཁུལ་ཉིང་ལག་དངུལ་ཁང་གིས་མྱུར་དུ་གནས་ཚུལ་དེ་སྤྱི་ཁྱབ་དངུལ་ཁང་གཉེར་སྐྱོང་དོ་དམ་པུའུ་ལ་སྙན་སེང་ཞུས་པ་དང་། གཉེར་སྐྱོང་དོ་དམ་པུས་གནས་ཚུལ་ཤེས་རྟོགས་བྱུང་རྗེས་ཚད་མཐོའི་མཐོང་ཆེན་བྱས་ཤིང་། དངུལ་ཁང་ཡོངས་ཀྱི་ཚན་པ་ཁག་སྒྲིག་འཛུགས་བྱས་ནས་གྱོད་འབྲེལ་ཐོ་ཁུངས་ལ་གྲལ་བཤེར་བྱས་པ་མ་ཟད། འབྲེལ་ཡོད་ཁུངས་སྣེ་ལེགས་སྒྲིག་བྱས་ནས་དུས་ཐོག་ཏུ་ལྟ་སྐུལ་དོ་དམ་སྡེ་ཁག་ཏུ་བསྐྱལ་བ་དང་། ཁ་བསླུས་འགོག་རྒོལ་ལྟེ་གནས་ལ་རམ་འདེགས་བྱས་ནས་གྱོད་དོན་མྱུལ་ཞིབ་ལས་དོན་སྤེལ་བ་རེད།
ཉིན་ཤས་བསྟུད་མར་འབད་འཐབ་དང་འདྲི་ཞིབ་བྱས་པ་བརྒྱུད། ཁ་བསླུས་འགོག་རྒོལ་ལྟེ་གནས་ཀྱིས་ནག་དངུལ་དཀར་བསྒྱུར་ཚོགས་པ་དེར་ཡེ་ཆེ་གེ་མོ་དང་ཁྲེན་ཆེ་གེ་མོ་སོགས་ཁྱོན་དོགས་ཡོད་ཉེས་ཅན་13ཡོད་པ་ཞིབ་དཔྱད་བྱས་ཤིང་། དེ་འཕྲལ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཏང་ཨུད་དང་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་ཏང་ཨུད་ཀྱི་འབྲེལ་ཡོད་བཀོད་སྒྲིག་འོག ཚོགས་པ་འགར་བགོས་ནས་ལྷ་ས་གྲོང་ཁྱེར་དང་ཉིང་ཁྲི་གྲོང་ཁྱེར་སོགས་སུ་འཇུ་བཟུང་ལས་དོན་སྤེལ་བ་མ་ཟད། སྤྱི་ཟླ་2ཚེས་17ཉིན་ལྷ་ས་གྲོང་ཁྱེར་དུ་དོགས་ཡོད་ཉེས་ཅན་ཡེ་ཆེ་གེ་མོ་དང་ཁྲེན་ཆེ་གེ་མོ་སོགས་མི་བཞི་དང་། སྤྱི་ཟླ་2ཚེས་20ཉིན་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྗོང་ཞིབ་བཤེར་ས་ཚིགས་སུ་དོགས་ཡོད་ཉེས་ཅན་ཞན་ཆེ་གེ་མོ་དང་ཧུའུ་ཆེ་གེ་མོ་གཉིས་འཛིན་བཟུང་བྱས་པ་རེད། དེ་མིན་སྤྱི་བདེ་ལས་ཁུངས་ཀྱི་སྐུལ་འདེད་འོག་སྤྱི་ཟླ་3ཚེས་13ཉིན་དོགས་ཡོད་ཉེས་ཅན་སུང་ཆེ་གེ་མོ་དང་ཡེ་ཆེ་གེ་མོ་སོགས་མི་དྲུག་གནམ་གྲུར་བསྡད་ནས་ཁྲེང་ཏུའུ་ནས་ལྷ་སར་ཡོང་སྟེ་རང་ཉེས་ངོས་ལེན་བྱས་པ་དང་། མིག་སྔར་ད་དུང་དོགས་ཡོད་ཉེས་ཅན་གཅིག་བྲོས་བྱོལ་བྱེད་བཞིན་ཡོད་པ་རེད།
བརྟག་དཔྱད་འདྲི་ཞིབ་བྱས་པ་བརྒྱུད་ད་ལྟ་གཏན་འཁེལ་བྱས་དོན། ད་ལོའི་སྤྱི་ཟླ་2པར་དོགས་ཡོད་ཉེས་ཅན་ཡེ་ཆེ་གེ་མོ་དང་ཁྲེན་ཆེ་གེ་མོ་སོགས་མི་13གྱིས་སྔ་ཕྱིར་ལྷ་ས་གྲོང་ཁྱེར་དང་ཉིང་ཁྲི་གྲོང་ཁྱེར་དུ་ཁག་སོ་སོར་དངུལ་བྱང་35རེ་བཟོས་པ་མ་ཟད། གློག་འཕྲིན་ཁ་བསླུས་དང་དྲ་རྒྱའི་རྒྱན་འགྱེད་དོགས་ཡོད་ཉེས་ཅན་ལ་རོགས་རམ་བྱས་ནས་མ་དངུལ་ཁྲི་3000ལྷག་སྤོ་བསྒྱུར་བྱས་ཤིང་། དེ་ལས་ཁྲིམས་འགལ་ཁེ་བཟང་སྒོར་ཁྲི་18བྱུང་ཡོད་པ་རེད།
མིག་སྔར། དོགས་ཡོད་ཉེས་ཅན་ཡེ་ཆེ་གེ་མོ་དང་ཁྲེན་ཆེ་གེ་མོ་སོགས་མི་12ཀྱིས་གཡོ་འགེབས་དང་། ཉེས་བསགས་ཐོབ་ཆ་དང་ཉེས་བསགས་ཐོབ་ཆའི་ཁེ་སྤོགས་སྦ་གསང་བྱས་པའི་ཉེས་པ་བསགས་པའི་དོགས་ཡོད་པས། ད་ལྟ་ཁྲིམས་ལྟར་འཛིན་བཟུང་བྱས་ཤིང་། གྱོད་འབྲེལ་མ་དངུལ་སྒོར་ཁྲི་10བསྡམས་བཅད་བྱས་པ་དང་། གྱོད་དོན་མྱུལ་ཞིབ་དང་བྲོས་བྱོལ་རྗེས་འདེད་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།