ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

ཁོང་ཚོས་བསླུས་འཚོང་བྱས་པའི་བོད་རིགས་བུད་མེད་ཅིག་བསྐྱབས་འདུག

སྤེལ་དུས 2022-04-06 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
  རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་བུད་མེད་དང་བྱིས་པ་བསླུས་འཚོང་བྱེད་པའི་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་འགུལ་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་དང་གཞིས་ཀ་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་བསླུས་འཚོང་ལ་ངོ་རྒོལ་བྱ་རྒྱུའི་ལས་དོན་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་བྱས། ཉེ་ཆར། འབྲོང་པ་རྫོང་སྤྱི་བདེ་ཅུས་ཀྱིས་བསླུས་འཚོང་བྱས་པའི་བུད་མེད་ཅིག་བདེ་བླག་ངང་བསྐྱབས་པ་རེད།

  2022ལོའི་ཟླ3པའི་ཚེས12ཉིན། མི་དམངས་ཉེན་རྟོག་པས་ལས་དོན་སྤེལ་བའི་ཁྲོད་རྫོང་ཁོངས་གཏོགས་ཁུལ་གྱི་བུད་མེད་སྐལ་ཆེ་གེ་མོ་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་རྫོང་དུ་བསླུས་འཚོང་བྱས་ཡོད་པ་ཤེས་རྟོགས་བྱུང་། གནས་ཚུལ་འབྱོར་རྗེས། ཉེས་དོན་མྱུལ་ཞིབ་རུ་ཆེན་གྱིས་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་མཚན་མོ་དེ་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་རྫོང་དུ་བསྐྱོད་དེ་མྱུལ་ཞིབ་ལས་དོན་སྤེལ་བ་རེད།
  ཕྱོགས་མང་པོ་ནས་བརྟག་དཔྱད་དཔང་ལེན་བྱས་པ་བརྒྱུད། སྐྱོབ་རོགས་བྱ་ཡུལ་མི་སྣའི་ཞིབ་ཕྲའི་གནས་ཡུལ་གཏན་འཁེལ་བྱས་ཏེ། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་རྫོང་ཉེས་དོན་ཉེན་རྟོག་རུ་ཆེན་གྱི་རོགས་རམ་འོག བསླུས་འཚོང་བྱས་པའི་བུད་མེད་སྐལ་ཆེ་གེ་མོ་དེ་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་རྫོང་ཝུའུ་ཧྲི་གྲོང་རྡལ་ནས་བསྐྱབས་པ་རེད།
  ཞིབ་བཤེར་བྱས་པ་བརྒྱུད། དེ་སྔོན་བུད་མེད་དེ་གཞིས་ཀ་རྩེ་གྲོང་ཁྱེར་གྱིKTVཞིག་ཏུ་ལས་ཀ་བྱེད་ཀྱི་ཡོད་པ་དང་། རྗེས་སུ་ལས་གྲོགས་པ་ཆེ་གེ་མོས་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་རྫོང་དུ་བསླུས་འཚོང་བྱས་པ་མ་ཟད། མི་གཞན་དང་གཉེན་སྒྲིག་བྱེད་དུ་བཅུག སྐལ་ཆེ་གེ་མོས་ཧུའུ་ཀྲུའུ་རྫོང་ནས་མུ་མཐུད་དུ་འཚོ་བ་སྐྱེལ་འདོད་མེད་པར་བརྟེན། མི་གཞན་གྱིས་རོགས་སྐྱོབ་རེ་ཞུ་བྱས་པ་བརྒྱུད་སྤྱི་བདེ་ལས་ཁུངས་ཀྱིས་བསྐྱབས་པ་རེད།

  སྐལ་ཆེ་གེ་མོའི་ཁྱིམ་མིས་རང་གི་བུ་མོ་བསྐྱབས་པའི་གནས་ཚུལ་ཤེས་རྗེས་གནམ་གྲུ་ཐང་དུ་བསུ་བར་བསྐྱོད་པ་དང་འབྲེལ་གྱོད་སྒྲུབ་མི་དམངས་ཉེན་རྟོག་པར་དཀར་གཙང་ཁ་བཏགས་ཕུལ་ཏེ་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུས་པ་རེད། མིག་སྔར། སྐལ་ཆེ་གེ་མོ་བདེ་བླག་ངང་བསྐྱབས་པ་དང་གྱོད་གཞི་འདིར་མུ་མཐུད་བརྟག་དཔྱད་བྱེད་བཞིན་ཡོད།