ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

ཁོང་ཚོ་མེད་ན། གངས་རྡིབ་བརྒྱབ་ནས་ཉེན་ཁར་གྱར་བའི་མི་འདི་དག…

སྤེལ་དུས 2022-04-06 ཡོང་ཁུངས། ཁྲིམས་གསལ་མེ་ལོང་། རྩོམ་པ་པོ།

    ཟླ་4ཚེས་1ཉིན་གྱི་ཆུ་ཚོད་21དང་སྐར་མ་30ཙམ་ལ། རྫ་ཡུལ་རྫོང་འཕྲལ་སྡོམ་དོ་དམ་ཅུས་བཀོད་འདོམས་ལྟེ་གནས་ལ་རྫོང་དང་བར་ཐག་སྤྱི་ལེ་70ཡི་མགོ་ལ་ཤང་གི་གྲི་ལར་དྲོད་ཚད་ཧོབ་སྟེ་ཆག་ནས་གངས་བསྟུད་མར་བབས་པ་དང་། གངས་རྡིབ་བརྒྱབ་སྟེ་མགོ་ལ་ཤང་གི་ཕྱོགས་སུ་སྐྱོད་མཁན་རླངས་འཁོར་གཅིག་ནང་གི་མི་5ལ་རྩེར་ལུས་པའི་བརྡ་འབྱོར་བ་རེད། 
   རྫ་ཡུལ་རྫོང་ཨུད་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་དོན་འདིར་མཐོང་ཧ་ཅང་ཆེན་པོ་བྱས་ནས། འཕྲལ་མར་མི་5པོ་འདི་དག་ནུས་ཤུགས་ཡོད་རྒུས་བསྐྱབས་ཏེ། རོགས་སྐྱོབ་བྱེད་མཁན་དང་ཉེན་ཁར་གྱར་བའི་མི་འདི་དག་གི་ཚེ་སྲོག་བདེ་འཇགས་ལ་འགན་ལེན་བྱས་ནས། བདེ་བླག་ངང་ཕྱིར་ལོག་ཐུབ་པ་བྱེད་དགོས་པའི་མཛུབ་སྟོན་གལ་ཆེན་བྱས་པ་རེད། 

    རྫོང་འཕྲལ་སྡོམ་དོ་དམ་ཅུས་ཀྱིས་འཕྲལ་མར་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་དང་། འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་ཅུས། རྫོང་སྲིད་གཞུང་རྒྱབ་ཕྱོགས་ཞབས་ཞུ་ལྟེ་གནས་བཅས་སྒྲིག་འཛུགས་བྱས་པ་དང་འབྲེལ། བོད་ལྗོངས་རྫ་ཡུལ་ཁྲང་ཧྥུང་གཞུང་ལམ་བདག་སྐྱོང་ཚད་ཡོད་ཀུང་སི་དང་མཐུན་སྦྱོར་བྱས་ཏེ་འཕྲལ་སྡོམ་རོགས་སྐྱོབ་བྱས་པ་རེད། 
    འཕྲལ་སྡོམ་རོགས་སྐྱོབ་བྱེད་རིང་། རྫ་ཡུལ་རྫོང་འཕྲལ་སྡོམ་རོགས་སྐྱོབ་ཚོགས་ཆུང་གི་འཕྲུལ་འཁོར་5(རོགས་སྐྱོབ་རླངས་འཁོར་4དང་རོགས་སྐྱོབ་འཕྲུལ་ཆས་1) དང་མི་14ཡིས་གྲང་ངར་ཆེ་ལ་གངས་མ་ཆར་འབབ་པའི་གནམ་གཤིས་འོག་རོགས་སྐྱོབ་བྱེད་པར་བསྐྱོད། ལམ་བར་དུ་ལམ་བརྡིབས་པ་དང་རི་ཉིལ་ནས་འགྲོ་ལམ་འགག་པའི་ཛ་དྲག་གནས་ཚུལ་འཕྲད་རུང་། ཕན་ཚུན་རོགས་རེས་དང་། ཕན་ཚུན་གཞོགས་འདེགས། དཀའ་ངལ་ཁྱད་བསད་བཅས་བྱས་པས། མཐར་ཁོང་ཚོ་གནས་ཚུལ་ཐོན་ཡུལ་དུ་འབྱོར་བ་རེད། 

    དེ་རྗེས་འཕྲུལ་འཁོར་གྱིས་ལམ་བཤངས་བ་དང་། རོགས་སྐྱོབ་རུ་མིས་ཉེན་ཁར་གྱར་བའི་མི་5པོ་སྒལ་པར་ཁུར་ནས་ཉེན་ཁ་ལས་སྒྲོལ་རོགས་བྱས་ཤིང་། དུས་ཡུན་ཆུ་ཚོད་8དང་སྐར་མ་20ཙམ་རོགས་སྐྱོབ་བྱས་པ་བརྒྱུད་མཐར་མི་5པོ་དེ་དག་བསྐྱབས་ཐུབ་པ་རེད། 
    ཟླ་4ཚེས་2ཉིན་གྱི་ཐོ་རེངས་ཆུ་ཚོད་6པ་ཙམ་ལ། རོགས་སྐྱོབ་མི་སྣ་དང་ཉེན་ཁར་གྱར་མཁན་བདེ་བླག་ངང་རྫོང་གྲོང་དུ་འབྱོར་བ་རེད།