ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

ཆབ་མདོར་ཨར་འདམ་རྣམ་གྲངས་གང་བྱུང་དུ་བསྐྲུན་པའི་གནད་དོན་འདུག

སྤེལ་དུས 2022-04-08 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
  2022ལོའི་ཟླ་3པར། ཀྲུང་དབྱང་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་བཞི་པས་བོད་ལྗོངས་ལ་ལྟ་བཤེར་བྱས་ནས་ཤེས་རྟོགས་བྱུང་བར་གཞིགས་ན།ཆབ་མདོ་གྲོང་ཁྱེར་གྱི་ཨར་འདམ་རྣམ་གྲངས་ཁག་གཅིག་ཆོག་མཆན་སྤྲད་པའི་གཞི་ཁྱོན་ལས་ ཆེས་ཆེར་བརྒལ་ཏེ་བསྐྲུན་ནས་འབྱུང་ཁམས་ལ་གཏོར་བཤིག་བཏང་བའི་གནད་དོན་མངོན་གསལ་དོད་པོ་ཡོད་པ་རེད།
  དང་པོ། གཞི་རྩའི་གནས་ཚུལ།
  ཆབ་མདོ་གྲོང་ཁྱེར་དུ་ད་ཡོད་ཨར་འདམ་ཁེ་ལས་3དང་ཨར་འདམ་རྒྱུ་ཆ་མུ་འབྲེལ་ཐོན་སྐྱེད་བྱེད་ས་4ཡོད་པའི་སྤྱིའི་ཐོན་ནུས་ལོ་རེར་ཏུན་ཁྲི་360ཟིན་གྱི་ཡོད་པ་རེད།དེའི་ཁྲོད་ཀྱི་ཨར་འདམ་རྒྱུ་ཆ་མུ་འབྲེལ་ཐོན་སྐྱེད་བྱེད་ས་3ནི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་རིང་གསར་དུ་བསྐྲུན་པ་དང་ལོ་རེར་ཐོན་ནུས་གསར་པ་ཁྱོན་ཏུན་ཁྲི་270ཙམ་ཟིན་གྱི་ཡོད།
  གཉིས་པ། གནད་དོན་གཙོ་བོ།
  (གཅིག )འབྱུང་ཁམས་ལ་གཏོར་གཤིག་བཏང་བའི་གནད་དོན་མངོན་གསལ་དོད་པ།
  ས་གནས་ས་ཐོག་ཏུ་ལྟ་བཤེར་བྱས་པ་བརྒྱུད། བོད་ལྗོངས་གསར་སྤེལ་མ་འཇོག་ཧའེ་ཐུང་ཨར་འདམ་ཚད་ཡོད་ཀུང་སིས་རང་དགར་ཨར་ལས་བྱས་ནས་སྔོག་འདོན་ཁུལ་དང་གཏེར་ཁུལ་གྱི་འགྲོ་ལམ་གཡས་གཡོན་གཉིས་ཀྱི་སྙིགས་རོ་འབོར་ཆེན་རང་དགར་བཤོས་པས་གཏེར་ཁུལ་དུ་སྙིགས་རོ་ཕུང་གསོག་ཆེན་པོ་ཐེབས་པ་མ་ཟད་གཏེར་ཁུལ་གྱི་འབྱུང་ཁམས་སླར་གསོའི་བྱ་ཐབས་དོན་འཁྱོལ་མ་བྱས་སྟབས།འབྱུང་ཁམས་ཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེན་ཕོག་ཡོད་པ་ཤེས་རྟོགས་བྱུང་བ་རེད། ཆབ་མདོ་མཐོ་རྩོད་ཨར་ལས་རྒྱུ་ཆ་མ་རྐང་ཚད་ཡོད་ཀུང་སིའི་རྡོ་ཐལ་བྲག་རྡོའི་གཏེར་རི་ནས་སྔོག་འདོན་བྱས་པའི་གཏེར་རྡོ་དག་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4600ཙམ་ཡོད་པའི་རི་རྩེ་ནས་ཐད་ཀར་རང་ཤུགས་སུ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4200ཡོད་པའི་བཟོ་ལས་ཐང་ཆེན་དུ་བསྒྲིལ་གྱི་ཡོད་པས་རྡོ་ཧྲུག་ཕུང་གསོག་ཐེབས་པའི་མཐོ་ཚད་ལ་སྨི་400ཙམ་ཟིན་པས།གཏེར་ཁུལ་གྱི་རང་བྱུང་འབྱུང་ཁམས་ལ་གཏོར་སྐྱོན་ཚབས་ཆེན་ཕོག་ཡོད་པ་དང་བདེ་འཇགས་ཐད་ཀྱི་མི་མངོན་པའི་རྐྱེན་ངན་ཡང་ཧ་ཅང་མངོན་གསལ་དོད་པོ་ཡོད།དཔའ་ཤོད་དུང་དཀར་ཨར་འདམ་ཚད་ཡོད་ཀུང་སིས་རྡོ་ཐལ་བྲག་རྡོའི་གཏེར་རིར་ཁོར་ཡུག་གི་ཤུགས་རྐྱེན་དཔྱད་དཔོག་བྱེད་སྐབས་བཏོན་པའི་ཕྱོགས་གཅིག་ནས་ཐོན་སྐྱེད་བྱེད་པ་དང་ཕྱོགས་གཞན་ཞིག་ནས་བཅོས་སྒྲིག་བྱེད་ཅེས་པའི་བླང་བྱ་དོན་འཁྱོལ་བྱས་མེད་པ་མ་ཟད།ལས་སྒོ་སྤེལ་ཁུལ་དང་གཏེར་འདྲེན་གཞུང་ལམ་ཐོག་ཆུ་གཏོར་ནས་ཐལ་རྡུལ་གཅོག་པ་དང་སྤུངས་གསོག་ཐེབས་པའི་རྒྱུ་ཆའི་ཐོག་ཐལ་རྡུལ་འགོག་ཁེབས་གཡོག་པའི་བྱ་ཐབས་སྤྱད་མེད་པ་རེད།

ཧའེ་ཐུང་ཨར་འདམ་ཚད་ཡོད་ཀུང་སིས་རང་དགར་ཨར་ལས་བྱས་པའི་རྣམ་པ།
  (གཉིས།) ཨར་འདམ་གྱི་རྣམ་གྲངས་ཆོག་མཆན་སྤྲད་པའི་གཞི་ཁྱོན་ལས་ཆེས་ཆེར་བརྒལ་ཏེ་བསྐྲུན་པ།
  《ཆབ་མདོ་གྲོང་ཁྱེར་གྱི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་རིང་གི་བཟོ་ལས་དང་ཆ་འཕྲིན་ཅན་འཕེལ་རྒྱས་འཆར་འགོད་(2016ལོ་ནས་2020ལོ་བར)》ནང་། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པ་དང་ཕུགས་ཀྱི་འཆར་འགོད་ནང་ཆབ་མདོར་ཨར་འདམ་རྒྱུ་ཆ་མུ་འབྲེལ་ཐོན་སྐྱེད་བྱེད་ས་2དང་ཐོན་ཚད་ལོ་རེར་ཏུན་ཁྲི་120ཟིན་པའི་བརྩོན་ལེན་བྱ་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད་མོད།2018ལོ་ནས་བཟུང་། ཆབ་མདོ་གྲོང་ཁྱེར་གྱིས་འཆར་འགོད་ནང་འཁོད་མེད་པའི་ཨར་འདམ་རྒྱུ་ཆའི་རྣམ་གྲངས་ལས་འགོ་འཛུགས་རྒྱུར་སྐུལ་འདེད་བཏང་བས།2021ལོར་དངོས་སུ་བསྐྲུན་ཟིན་པའི་ཨར་འདམ་རྒྱུ་ཆ་མུ་འབྲེལ་ཐོན་སྐྱེད་བྱེད་ས་4ཟིན་ཡོད་པ་དང་།ཚང་མར་ཆོག་མཆན་སྤྲད་པའི་གཞི་ཁྱོན་ལས་ཆེས་ཆེར་བརྒལ་ཏེ་བསྐྲུན་པའི་གནད་དོན་ཆེན་པོ་གནས་ཡོད་ཅིང་།ཐོན་འབོར་ཡང་ལོ་རེར་ཏུན་ཁྲི་360ཟིན་པ། ཐོན་ནུས་སྤྱོད་ཚད་དེ་2019ལོའི་97.4%ནས་2021ལོའི་63.4%བར་ཆག་ཡོད་པ་རེད།
  ལྟ་བཤེར་བྱས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ཆབ་མདོ་གྲོང་ཁྱེར་གྱི་ཨར་འདམ་རྒྱུ་ཆའི་རྣམ་གྲངས་4ཡི་ཐོན་འབོར་ལོ་རེར་ཏུན་ཁྲི་255ཟིན་རྒྱུར་ཆོག་མཆན་སྤྲད་ཀྱང་དངོས་སུ་བསྐྲུན་ཟིན་པའི་ཐོན་ནུས་དེ་ཆོག་མཆན་སྤྲད་པའི་ཐོན་ནུས་ལས་41.2%བརྒལ་ཡོད་པ་རེད།རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་2018ལོར་པར་འགྲེམས་བྱས་པའི་《ཐོན་ནུས་བརྗེ་སྒྱུར་ནན་པོ་བྱས་ནས་ཨར་འདམ་དང་ངོས་ལེབ་ཤེལ་སྒོའི་ལས་རིགས་ཀྱི་ཐོན་ནུས་མང་དུ་གཏོང་རྒྱུར་གཏན་འགོག་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》ཡི་ནང་། ཆོག་མཆན་སྤྲད་པའི་གཞི་ཁྱོན་ལས་ཆེས་ཆེར་བརྒལ་ཏེ་འཛུགས་བསྐྲུན་བྱས་པའི་བྱ་སྤྱོད་ཡོད་པ་ཤེས་ཚེ།བཟོ་ལས་དང་ཆ་འཕྲིན་ཅན་གྱི་གཙོ་གཉེར་སྡེ་ཚན་གྱིས་འབྲེལ་ཡོད་སྡེ་ཚན་ཁག་དང་མཉམ་དུ་བཅོས་སྒྲིག་བྱེད་དགོས་པའི་བཀའ་གཏོང་དགོས་པ་དང་།བཅོས་སྒྲིག་གནད་ལ་མ་འཁེལ་གོང་རང་དགར་ཐོན་སྐྱེད་བྱེད་འགོ་འཛུགས་མི་ཆོག་པའི་བླང་བྱ་ཁ་གསལ་བཏོན་ཡོད།ཡིན་ནའང་། ས་གནས་དེ་གའི་འབྲེལ་ཡོད་སྡེ་ཚན་གྱིས་ལྟ་སྐུལ་དོ་དམ་གནད་ལ་འཁེལ་པོ་མ་བྱས་པར་གོང་གསལ་གྱི་རྣམ་གྲངས་ཀྱིས་རང་དགར་སྒྲིག་འགལ་ངང་ཐོན་སྐྱེད་བྱེད་ཏུ་བཅུག་ཡོད།
  དཔའ་ཤོད་ཨར་འདམ་དང་མཐོ་རྩོད་ཨར་འདམ་གྱི་འཛུགས་སྐྲུན་རྒྱ་སྐྱེད་གཏོང་ཡུལ།
  གསུམ་པ། རྒྱུ་རྐྱེན་དབྱེ་ཞིབ།
  ཆབ་མདོ་གྲོང་ཁྱེར་གྱིས་གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ་དམིགས་སར་མ་འབྱོར་བ་དང་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་ལག་བསྟར་བྱེད་ཤུགས་མི་འདང་བ།ཨར་འདམ་ཁེ་ལས་ཀྱིས་གཏེར་ཁ་སྔོག་འདོན་བྱས་ནས་འབྱུང་ཁམས་ལ་གཏོར་བཤིག་བཏང་བ་དང་ཆོག་མཆན་སྤྲད་པའི་གཞི་ཁྱོན་ནས་ཆེས་ཆེར་བརྒལ་ཏེ་འཛུགས་སྐྲུན་ཆེན་པོ་བྱས་པའི་གནད་དོན་ལ་ལྟ་སྐུལ་དོ་དམ་བྱ་རྒྱུ་གནད་ལ་འཁེལ་པོ་བྱུང་མེད་པ་བཅས་རེད།
  ལྟ་བཤེར་ཚོགས་ཆུང་གིས་འབྲེལ་ཡོད་གནས་ཚུལ་ལ་སྔར་བས་བརྟག་དཔྱད་ཞིབ་བསྡུར་བྱ་རྒྱུ་དང་འབྲེལ་བླང་བྱ་གཞིར་བཟུང་རྗེས་མཐུད་ལྟ་བཤེར་ལས་དོན་ཡག་པོ་བསྒྲུབ་རྒྱུ་ཡིན་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།