ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

མི་བཞི་ཡིས་གནམ་མཚོའི་ནང་ནས་ཉ་བཟུང་བས་ཉེས་ཆད་བཅད་པ་རེད།

སྤེལ་དུས 2022-04-12 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
ཉེ་ཆར།
ལྷ་ས་གྲོང་ཁྱེར་སྟག་རྩེ་ཁུལ་ཞིབ་དཔྱོད་ཁང་གིས་ཞུ་གཏུག་བྱས་པའི།
ཏིང་ཆེ་གེ་མོ་སོགས་མི་བཞི་པོས།
ཁྲིམས་འགལ་ངང་ཉ་བཟུང་བའི་ཉེས་དོན་དང་།
དེའི་ཞོར་དུ་དམངས་དོན་སྤྱི་ཕན་གཏུག་བཤེར་བྱས་པའི་གྱོད་གཞི་དེ་ཐག་གཅོད་བྱས་ཟིན།
ཏིང་ཆེ་གེ་མོ་སོགས་ཞུ་སྦྱོར་ཕྱི་མ་བཞི་པོ་སོ་སོར།
དུས་བཀག་བཙོན་འཇུག་ཟླ་བ་བདུན་དང་།
དུས་འགྱངས་ལོ་གཅིག་དང་དུས་བཀག་བཙོན་འཇུག་ཟླ་བ་བདུན་གྱི་ཉེས་ཆད་བཅད་པ་རེད།
དུས་མཚུངས་སུ།
ཞུ་སྦྱོར་ཕྱི་མ་བཞི་པོས་ཁྲིམས་རར།
ཉེས་བསགས་སྤྱོད་ཚུལ་ལས་བྱུང་བའི།
སྣོད་བཅུད་གནོད་སྐྱོན་གུན་གསབ་གྲོན་དངུལ་སྒོར32301.45ཚང་མ་འགན་འཁུར་རྒྱུ་མ་ཟད།
སྨྱན་སྦྱོར་ཐོག་ཡོངས་གྲགས་སུ་དགོངས་དག་ཞུས་པ་རེད།

            མཚམས་སྦྱོར་བྱས་པར་གཞིགས་ན། 2021ལོའི་ཟླ5པའི་ཚེས18ཉིན་ཞུ་སྦྱོར་ཕྱི་མ་ཏིང་ཆེ་གེ་མོ་དང་། ཁྲེན་ཆེ་གེ་མོ། ཀྲའོ་ཆེ་གེ་མོ། ཞི་ཆེ་གེ་མོ་སོགས་མི་བཞི་པོས་སོ་སོའི་རླངས་འཁོར་གྱི་ཨང་རྟགས་བོདCXX081དང་། བོདAXX995རྟགས་ཅན་བཏང་ནས་ཉ་རྒྱ1དང་། ཆུ་འགོག་དོར་མ5། དབྱང་རླུང་བླུག་སྣོད4། ཉ་རྒྱའི་ཆུ་ནང་ནས་གཏན་འཁེལ་བྱེད་པའི་ལྕགས་རྩིབ5། ནུས་མང་ལི་གློག་རྫས་གཞི་གཅིག་ཅན་གྱི་འཕྲུལ་ཆས1། ཉ་སླེ1སོགས་ཡོ་བྱད་རྣམས་འཁྱེར་ནས་ཁྲིམས་འགལ་ངང་གནམ་མཚོའི་ནང་དུ་ཉ་མོ1498འཛིན་བཟུང་བྱས་པ་རེད།
            བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཆུ་ཐོན་ཚན་རིག་ཞིབ་འཇུག་སུའོ་ཡིས་གསལ་འབྱེད་བྱས་པ་བརྒྱུད་གྱོད་འབྲེལ་ཉ་རིགས་ནི་གནམ་མཚོའི་ནང་གི་གསེར་ཉ་ཡིན་པ་རེད།《གནམ་མཚོའི་ནང་གི་ཉ་ལས་ཐོན་ཁུངས་ལ་གཏོར་བཤིག་ཁ་གསབ་སྤྲོད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་ཆུ་ཐོན་ཚན་རིག་ཞིབ་འཇུག་སུའོ་ཡི་གྲོས་འགོ》ཡི་ནང་ཏིང་ཆེ་གེ་མོ་དང་། ཁྲེན་ཆེ་གེ་མོ། ཀྲའོ་ཆེ་གེ་མོ། ཞི་ཆེ་གེ་མོ་སོགས་མི་བཞི་པོས་ཉ་འཛིན་བཀག་སྡོམ་དང་སྐྱེ་འཕེལ་བྱེད་པའི་དུས་ཡུན་ནང་ཁྲིམས་འགལ་གྱིས་ཉ་བཟུང་བ་དེས་གནམ་མཚོའི་ནང་གི་གསེར་ཉའི་རིགས་ཀྱི་གྲངས་འབོར་ལ་ཐད་ཀར་གནོད་འཚེ་བཏང་བ་དང་། ས་ཁོངས་དེའི་ཆུའི་སྣོད་བཅུད་ལ་གཏོར་སྐྱོན་ངེས་ཅན་བཟོས་ཤིང་། སྣོད་བཅུད་སླར་གསོའི་བྱ་ཐབས་ལ་སྣོད་བཅུད་ཁ་གསབ་དངུལ་འཇལ་རྒྱུ་དང་ཉམས་གསོའི་གྲོན་དངུལ་སྒོར32301.45ཡིན་ཞིང་། དེ་དག་ཕྱི་ལོའི་གནམ་མཚོའི་ཉ་ལས་ཐོན་ཁུངས་སྐྱེ་འཕེལ་དང་ཉོ་སྒྲུབ་བྱེད་པའི་འགྲོ་གྲོན་ཐད་སྤྱོད་རྒྱུའི་གྲོས་འགོ་བཏོན་པ་རེད།
            སྟག་རྩེ་ཁུལ་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་སྟག་རྩེ་ཁུལ་ཁྲིམས་ཁང་ལ་ཉེས་དོན་འདིའི་ཞོར་འབྲེལ་དམངས་དོན་སྤྱི་ཕན་གཏུག་བཤེར་བྱས་ནས། ཏིང་ཆེ་གེ་མོ་སོགས་མི་བཞི་པོས་ཐུན་མོང་ཐོག་སྣོད་བཅུད་སླར་གསོའི་འགན་འཁྲི་འཁུར་དགོས་པ་དང་སྣོད་བཅུད་སླར་གསོའི་གྲོན་དངུལ་སྒོར32301.45སྐྱིན་ཚབ་སྤྲོད་དགོས་པ་མ་ཟད། རྫོང་རིམ་པ་ཡན་གྱི་སྨྱན་སྦྱོར་བརྒྱུད་ནས་ཡོངས་བསྒྲགས་ངང་དགོངས་དག་ཞུ་དགོས་པའི་རེ་བ་བཏོན་པ་རེད།
            ཉེས་དོན་འདིའི་ཞོར་དུ་དམངས་དོན་སྤྱི་ཕན་གཏུག་བཤེར་བྱས་པ་ནི་གཙོ་བོ་ཁྲིམས་འགལ་བྱ་སྤྱོད་སྤེལ་མཁན་གྱིས་སྣོད་བཅུད་ཁོར་ཡུག་དང་ཐོན་ཁུངས་ལ་གཏོར་བཤིག་བཏང་བར་དམིགས་ནས་ཁྲིམས་ལྟར་ཉེས་དོན་འགན་འཁྲི་འཁུར་དགོས་པ་དང་ཆབས་ཅིག   ད་དུང་གཏོར་སྐྱོན་ཐེབས་པའི་སྣོད་བཅུད་ཁོར་ཡུག་ཉམས་གསོ་བྱེད་པའི་དམངས་དོན་འགན་འཁྲི་ཡང་འཁུར་དགོས། སྟག་རྩེ་ཁུལ་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་གཞོན་པ་རུ་སྐྱིད་ཀྱིས། རྗེས་ཕྱོགས་སྟག་རྩེ་ཁུལ་ཞིབ་དཔྱོད་ཁང་གིས་སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད་འགན་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། སྣོད་བཅུད་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་ཁྱབ་ཁོངས་ཀྱི་གྱོད་གཞི་ཞིབ་གཅོད་བྱེད་ཤུགས་ཆེ་རུ་བཏང་ནས་གཏོར་སྐྱོན་ཕོག་པའི་སྣོད་བཅུད་ཁོར་ཡུག་དུས་ཐོག་དང་ནུས་ལྡན་ངང་ཉམས་གསོ་དང་ཁ་གསབ་ཐུབ་པ་བྱས་ཏེ། ཁྲིམས་འགལ་ཉེས་བསགས་ལ་ཁྲིམས་གཅོད་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གཉིས་ཕན་གྱི་རྣམ་པ་མངོན་འགྱུར་ཡོང་བ་བྱ་རྒྱུ་ཡིན་ཞེས་བཤད།
རྩོམ་སྒྲིག་པ། བདེ་སྒྲོན།