ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

ཏོག་གསར་ནད་དུག་འགོ་བར་སྐྲག་ནས་ཆུང་མ་ཁྱིམ་དུ་མ་བསུས་པས་གཉེན་ཐོར་ཞུ་གཏུགས་བྱས།

སྤེལ་དུས 2022-04-15 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
  ཁྲིམས་སའི་འདྲི་གཅོད་གོ་རིམ་ཁྲོད་སྐུ་ཞབས་ཀྲང་ལགས་ཀྱིས་ནོར་འཁྲུལ་ཡོ་བསྲང་བྱེད་འདོད་པ་དང་རང་སྐྱོན་ཁས་ལེན་བྱེད་པའི་རྣམ་འགྱུར་ལེགས་པོ་ཡོད་ཅིང་། ཕྱོགས་གཉིས་ཀས་འབྲེལ་འདྲིས་མང་པོ་དང་ཕན་ཚུན་བཟོད་སྒོམ། ཕན་ཚུན་བསམ་ཤེས་བཅས་བྱས་ཚེ། གཉེན་སྒྲིག་འབྲེལ་བ་ཡོངས་སུ་སྲུང་འཛིན་བྱེད་ཐུབ་པ་དང་། གཉེན་ཐོར་བྱས་ན་བྱིས་པའི་འཚར་ལོངས་ལ་ཤུགས་རྐྱེན་ངན་པ་བཟོ་སྲིད། རྒྱུན་ལྡན་གྱི་གཉེན་སྒྲིག་ཁྱིམ་ཚང་གི་འབྲེལ་བ་སྲུང་འཛིན་དང་། འཆམ་མཐུན་སྤྱི་ཚོགས་བསྐྲུན་ཆེད། འདྲི་གཅོད་དང་པོར་ཞུ་སྦྱོར་སྔ་མ་བུད་མེད་མཱ་ལགས་དང་ཞུ་སྦྱོར་ཕྱི་མ་སྐུ་ཞབས་ཀྲང་ལགས་གཉིས་གཉེན་ཐོར་བྱེད་མི་ཆོག་པའི་དཔྱད་མཚམས་བཏང་བ་རེད།
  ཀན་སུའུ་ཡི་བུད་མེད་མཱ་ལགས་ཀྱིས་ཁྱོ་ག་ཀྲང་ལགས་ཀན་སུའུ་ཞིང་ཆེན་ཁང་ལེ་རྫོང་མི་དམངས་ཁྲིམས་ཁང་ལ་ཞུ་གཏུགས་བྱས་ཏེ་གཉེན་ཐོར་རེ་འདུན་བཏོན།
  ལོ་6གི་གཉེན་སྒྲིག་འབྲེལ་བའི་ཁྲོད་ཁོང་གཉིས་བཟའ་ཚང་ལ་བུ་གཅིག་དང་བུ་མོ་གཅིག་བྱུང་ཡོད། བུད་མེད་མཱ་ལགས་ཀྱིས་ཁྱོ་གས་མི་གཞན་དང་ལྐོག་འབྲེལ་བྱེད་པ་མ་ཟད་ད་དུང་བྱིས་པར་ཡང་བདག་མི་བྱེད་ཅིང་། ཁོ་མོས་ཁྱིམ་ཚང་གི་ཆེད་དུ་ཚང་མ་བཟོད་སྒོམ་བྱས་པ་ཡིན། ཡིན་ནའང་དོན་དག་གཞན་གཉིས་ཀྱིས་ཁོ་མོའི་སེམས་ལ་རྨས་ཁ་བཟོས་བྱུང་ཞེས་བཤད་འདུག
  1.ཏོག་གསར་ནད་དུག་འགོ་བར་སྐྲག་ནས་ཆུང་མ་ཁྱིམ་དུ་མི་བསུ་བའི་ཁྱོ་ག
  2020ལོའི་ཟླ་2པར་བུད་མེད་མཱ་ལགས་པེ་ཅིང་དུ་ཞོར་ལས་བྱས་ནས་ཕྱིར་ལོག་སྐབས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་དུས་སྐབས་དང་འཁེལ་བས། བུད་མེད་མཱ་ལགས་ཀྱི་ཁྱོ་གས་གྲོང་ཚོའི་བླང་བྱ་དང་ལེན་མ་བྱས་པར། ཁོར་ནད་དུག་འགོ་བར་སེམས་ཁྲལ་བྱས་ནས་ཆུང་མ་ཁྱིམ་དུ་བསུས་མེད་པ་རེད། ཟླ་2རྗེས་སུ་བུད་མེད་མཱ་ལགས་པེ་ཅིང་དུ་ཞོར་ལས་སུ་འགྲོ་དགོས་པ་དང་། ཁྱོ་གས་ཡང་ལས་ཀ་བྲེལ་བ་ཆེ་བར་ཁ་གཡར་ནས་ངོ་ཐུག་མེད་པས། ཁྲིམས་ཁང་གིས་བྱ་སྤྱོད་འདི་གཉིས་ཀྱིས་ཁྱོ་ཤུག་གི་བརྩེ་དུང་ལ་གནོད་འཚེ་ཚབས་ཆེན་ཕོག་ཡོད་པར་ངོས་འཛིན་བྱས།
  2.རྫོང་ཁྲིམས་ཁང་གིས་ཁྱོ་གའི་རང་སྐྱོན་ངོས་ལེན་རྣམ་འགྱུར་ལེགས་པ་དང་གཉེན་ཐོར་བྱེད་མི་ཆོག་པའི་དཔྱད་མཚམས་བཏང་བ།
  ཉེ་ཆར་ཁང་ལེ་རྫོང་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་དང་པོའི་དཔྱད་མཚམས་བཏང་བ་དང་། ཁྲིམས་ཁང་གིས་བུད་མེད་མཱ་ལགས་ཀྱི་ཁྱོ་གས་ནོར་འཁྲུལ་ཡོ་བསྲང་བྱེད་འདོད་པ་དང་རང་སྐྱོན་ཁས་ལེན་བྱེད་པའི་རྣམ་འགྱུར་ལེགས་པོ་ཡོད་ཅིང་། ཕྱོགས་གཉིས་ཀས་ཕན་ཚུན་བཟོད་སྒོམ་དང་ཕན་ཚུན་བསམ་ཤེས་བྱེད་དགོས་པར་ངོས་འཛིན་བྱས་ནས། གཉེན་ཐོར་བྱེད་མི་ཆོག་པའི་དཔྱད་མཚམས་བཏང་བ་རེད།

  དཔྱད་མཚམས་ཡི་གེའི་ནང་མངོན་པ་ལྟར་ན།
  2016ལོའི་ཟླ་དང་པོའི་ཚེས་1ཉིན་བུད་མེད་མཱ་ལགས་དང་སྐུ་ཞབས་ཀྲང་ལགས་གཉིས་བར་ཡུལ་དེའི་གོམས་སྲོལ་ལྟར་གཉེན་སྟོན་སྤེལ་བ་དང་། གཉེན་སྒྲིག་བྱས་རྗེས་བུ་གཅིག་དང་བུ་མོ་གཅིག་སྐྱེས།
  2019ལོའི་ཟླ་ག་གེ་མོའི་ནང་བུ་མོར་གློ་ཚད་ཕོག་པ་དང་བུད་མེད་མཱ་ལགས་ཀྱིས་བུ་མོ་ཁྲིད་ནས་སྨན་པ་བསྟེན་དུ་སོང་ཞིང་། རང་ཉིད་ཀྱི་ཨ་ཕར་སྒོར་5000གཡར་ནས་བུ་མོ་སྨན་པར་བསྟེན་བྱེད་བྱས། བུད་མེད་མཱ་ལགས་ཀྱི་བསམ་ཚུལ་ལྟར་ན་ཁྱོ་ག་དང་ཁྱོ་གའི་ནང་མིས་བུ་མོར་བདག་པོ་ཅི་ཡང་བརྒྱབ་མེད་པ་རེད།
  2019ལོའི་ཟླ་10པར་བུད་མེད་མཱ་ལགས་ཁྱོ་གའི་ཁྱིམ་ནས་བྲལ་ཏེ་པེ་ཅིང་དུ་ཞོར་ལས་ལ་སོང་།
  2020ལོའི་ཟླ་2པར་བུད་མེད་མཱ་ལགས་པེ་ཅིང་ནས་ཕ་ཡུལ་དུ་ལོག་པ་དང་། སྐབས་དེར་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་སྐབས་སུ་འཁེལ་བས། བུད་མེད་མཱ་ལགས་ཀྱི་ཁྱོ་གས་གྲོང་ཚོའི་བླང་བྱ་དང་ལེན་མ་བྱས་ཤིང་། ཁོ་ཏོག་གསར་ནད་དུག་འགོ་བར་སྐྲག་ནས་ཆུང་མ་ཁྱིམ་དུ་བསུ་འདོད་མེད་པ་རེད།
  2020ལོའི་ཟླ་4པར་བུད་མེད་མཱ་ལགས་ཕྱིར་པེ་ཅིང་དུ་ཞོར་ལས་སུ་འགྲོ་སྐབས་ཁྱོ་གས་ལས་ཀ་བྲེལ་བ་ཆེ་བར་ཁ་གཡར་ནས་ངོ་ཐུག་མེད་པ་རེད།
  2021ལོའི་ཟླ་12ཚེས་15ཉིན་བུད་མེད་མཱ་ལགས་ཀྱིས་ཁྱོ་ཤུག་བརྩེ་བ་ཉམས་པ་རྒྱུ་མཚན་བྱས་ནས་ཞུ་གཏུགས་བྱས་ཏེ། གཉེན་ཐོར་རེ་འདུན་ཞུས།
  བུད་མེད་མཱ་ལགས་ཀྱི་བསམ་པར། ཁོ་མོས་བྱིས་པ་དང་ཁྱིམ་ཚང་གི་བདེ་སྐྱིད་ཆེད་དུ་བཟོད་སྒོམ་ཡང་ཡང་བྱས་ཡོད། བུད་མེད་མཱ་ལགས་ཀྱིས། རྗེས་སུ་ཐེངས་མང་པོར་སྐུ་ཞབས་ཀྲང་ལགས་ཀྱིས་ཟུར་མོ་འཚོལ་བ་ཤེས་པ་དང་། སྐུ་ཞབས་ཀྲང་ལགས་ཀྱིས་ཡོ་བསྲང་བྱ་རྒྱུ་ཡིན་ཞེས་བཤད་ན་ཡང་ད་བར་ཡོ་བསྲང་བྱས་མེད། ཁོས་ལོ་ཧྲིལ་པོར་ཕྱི་རུ་ཞོར་ལས་བྱས་ནས་ཁྱིམ་དུ་མི་ལོག་ཅིང་། ཁོ་མོ་དང་བྱིས་པ་ཚོའི་འཚོ་བའི་གྲོན་དངུལ་ཡང་མི་སྟེར་ཞེས་བཤད་ཡོད།
  དེའི་ཐད་སྐུ་ཞབས་ཀྲང་ལགས་ཀྱིས་ཁྲིམས་སའི་འདྲི་གཅོད་ཁྲོད་དུ་སྐད་འཕྲིན་སྟེང་མི་གཞན་དང་ལྐོག་འབྲེལ་བྱས་པ་ནི་སྔོན་ཆད་ཡིན་པ་དང་། དེའི་རྗེས་སུ་གཏན་ནས་བྱུང་མེད་ཚུལ་བརྗོད་ཡོད། བུད་མེད་མཱ་ལགས་ཀྱིས་གཉེན་ཐོར་ཞུ་གཏུགས་བྱས་ཀྱང་། ཁོ་རང་གཉེན་ཐོར་བྱེད་པར་ཐད་པ་མེད་ཅིང་། ཁོ་རང་བུད་མེད་མཱ་ལགས་དང་མཉམ་དུ་འཚོ་བ་རོལ་ནས་ཕྲུ་གུ་གསོ་སྐྱོང་བྱེད་འདོད་ཡོད་ཅེས་བཤད། 
  ཁང་ལེ་རྫོང་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་དང་པོའི་ཁྲོད། བུད་མེད་མཱ་ལགས་དང་སྐུ་ཞབས་ཀྲང་ལགས་གཉིས་ཁྲིམས་ལྟར་གཉེན་ཐོ་བཀོད་པ་དང་ཁྲིམས་མཐུན་གཉེན་སྒྲིག་གི་འབྲེལ་བ་ཡོད་ཅིང་། བཅའ་ཁྲིམས་ཀྱི་སྲུང་སྐྱོང་ཐོབ་ཡོད། གཉེན་སྒྲིག་བྱས་རྗེས་ཕྱོགས་གཉིས་ཀས་དུས་ཡུན་ཅུང་རིང་པོར་འཚོ་བ་མཉམ་རོལ་བྱས་པ་མ་ཟད། བུ་དང་བུ་མོ་ཆ་གཅིག་ཀྱང་སྐྱེས་ཡོད། མཉམ་དུ་འཚོ་བ་རོལ་བའི་བརྒྱུད་རིམ་ཁྲོད་སྐུ་ཞབས་ཀྲང་ལགས་དང་བུད་མེད་མཱ་ལགས་བར་དུས་ཐོག་ཏུ་འབྲེལ་འདྲིས་མ་བྱས་པ་དང་བུ་མོ་དང་ཁྱིམ་མིར་ལྟ་སྐྱོང་བྱས་པ་མི་འདང་བའི་ཕྱིར་འགལ་ཟླ་བྱུང་མྱོང་བར་ངོས་འཛིན་བྱས་ཡོད།
  ཁྲིམས་སའི་འདྲི་གཅོད་གོ་རིམ་ཁྲོད་སྐུ་ཞབས་ཀྲང་ལགས་ཀྱིས་ནོར་འཁྲུལ་ཡོ་བསྲང་བྱེད་འདོད་པ་དང་རང་སྐྱོན་ཁས་ལེན་བྱེད་པའི་རྣམ་འགྱུར་ལེགས་པོ་ཡོད་ཅིང་། ཕྱོགས་གཉིས་ཀས་འབྲེལ་འདྲིས་མང་པོ་དང་ཕན་ཚུན་བཟོད་སྒོམ། ཕན་ཚུན་བསམ་ཤེས་བཅས་བྱས་ཚེ། གཉེན་སྒྲིག་འབྲེལ་བ་ཡོངས་སུ་སྲུང་འཛིན་བྱེད་ཐུབ་པ་དང་། གཉེན་ཐོར་བྱས་ན་བྱིས་པའི་འཚར་ལོངས་ལ་ཤུགས་རྐྱེན་ངན་པ་བཟོ་སྲིད། རྒྱུན་ལྡན་གྱི་གཉེན་སྒྲིག་ཁྱིམ་ཚང་གི་འབྲེལ་བ་སྲུང་འཛིན་དང་། འཆམ་མཐུན་སྤྱི་ཚོགས་བསྐྲུན་ཆེད། འདྲི་གཅོད་དང་པོར་ཞུ་སྦྱོར་སྔ་མ་བུད་མེད་མཱ་ལགས་དང་ཞུ་སྦྱོར་ཕྱི་མ་སྐུ་ཞབས་ཀྲང་ལགས་གཉིས་གཉེན་ཐོར་བྱེད་མི་ཆོག་པའི་དཔྱད་མཚམས་བཏང་བ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།