ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

ཨ་རིའི་སྐྱེས་པ་འདིར་ཀྲེ་ཅང་ཉིང་པོ་རུ་སྲོག་ཁྲིམས་བཅད་འདུག

སྤེལ་དུས 2022-04-22 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
     ཀྲེ་ཅང་ཞིང་ཆེན་ཉིང་པོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་སྤྱི་ཚེས་21ཉིན་ཞུ་གཏུག་འཁེལ་མི་ཨ་རི་བ་ཧྲ་ཏི་ཏེ·ཨ་པུའུ་ཏུའུ་མའེ་ཐིང་གིས་རྐང་བཙུགས་ནས་མི་བསད་པའི་གྱོད་གཞི་ཡོངས་བསྒྲགས་ཏུ་ཁྱབ་བསྒྲགས་བྱས་པ་དང་། ཞུ་གཏུག་འཁེལ་མི་ཧྲ་ཏི་ཏེ·ཨ་པུའུ་ཏུའུ་མའེ་ཐིང་གིས་རྐང་བཙུགས་ནས་མི་བསད་པའི་ནག་ཉེས་ལ་སྲོག་ཁྲིམས་བཅད་ཡོད།

     འདྲི་ཞིབ་བྱས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞུ་གཏུག་འཁེལ་མི་ཧྲ་ཏི་ཏེ·ཨ་པུའུ་ཏུའུ་མའེ་ཐིང་དང་གནོད་འཚེ་ཕོག་མཁན་ཁྲེན་ཆེ་གེ་མོ(བུད་མེད། མོ། ལོ21)གཉིས་ནི་2019ལོའི་ལོ་འགོར་འཕྲད་ཅིང་། ཧྲ་ཏི་ཏེ·ཨ་པུའུ་ཏུའུ་མའེ་ཐིང་གིས་རང་ཉིད་མི་ཧྲེང་ཡིན་པར་རྫུན་བཤད་བྱས་ཏེ་ཁོ་མོ་དང་དགའ་རོགས་བསྒྲིགས། 2021ལོའི་ཟླ་5པའི་ཟླ་སྨད་ནས་བཟུང་ཁྲེན་ཆེ་གེ་མོས་ཁོང་གཉིས་བར་འབྲེལ་བ་གཅོད་རྒྱུའི་རེ་བ་ཐེངས་མང་བཏོན་ནའང་། ཧྲ་ཏི་ཏེ·ཨ་པུའུ་ཏུའུ་མའེ་ཐིང་གིས་མོས་མཐུན་མ་བྱས་པ་མ་ཟད་ཁྲེན་ཆེ་གེ་མོ་ལ་སྐད་ཆའི་ཐོག་ནས་འཇིགས་སྐུལ་བྱས། 2021ལོའི་ཟླ་6ཚེས་14ཉིན་གྱི་ཆུ་ཚོད་20ཙམ་ལ། ཧྲ་ཏི་ཏེ·ཨ་པུའུ་ཏུའུ་མའེ་ཐིང་གིས་ལྟེབ་གྲི་ཞིག་དང་གྱོན་ཆས་སོགས་འཁྱེར་ནས་ཉིང་པོ་གྲོང་ཁྱེར་གྱི་ཤར་བགྲོད་ལམ་ལྷོ་ངོས་ཀྱི་ཆིང་ཧྲེ་ཟམ་པའི་(通途路南侧清水桥)ལམ་མདོའི་སྤྱི་སྤྱོད་རླངས་འཁོར་བབས་ཚུགས་ཀྱི་ཉེ་འགྲམ་དུ་ཁྲེན་ཆེ་གེ་མོ་དང་ཐུག་རྒྱུ་བྱས། ཆུ་ཚོད་21དང་སྐར་མ་48་ཙམ་ལ་ཧྲ་ཏི་ཏེ·ཨ་པུའུ་ཏུའུ་མའེ་ཐིང་གིས་ཁྲེན་ཆེ་གེ་མོའི་སྐེ་ལ་ལྟེབ་གྲིས་བསྣུན། ཁྲེན་ཆེ་གེ་མོར་འགོག་རྒོལ་གྱི་ནུས་པ་མེད་ཀྱང་། ཁོས་ད་དུང་མུ་མཐུད་དུ་ཁྲེན་ཆེ་གེ་མོའི་ངོ་གདོང་ལ་གྲིས་བཙུགས་ཤིང་ཁྲེན་ཆེ་གེ་མོ་ཁྲག་མང་པོ་ཐོན་པས་རྐྱེན་ལམ་དུ་ཤོར།
     ཉིང་པོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཞུ་གཏུག་འཁེལ་མི་ཧྲ་ཏི་ཏེ·ཨ་པུའུ་ཏུའུ་མའེ་ཐིང་གིས་རྐང་བཙུགས་ནས་མི་གཞན་གྱི་ཚེ་སྲོག་འཕྲོག་པའི་བྱ་སྤྱོད་དེས་རྐང་བཙུགས་ནས་མི་བསད་པའི་ནག་ཉེས་བསགས་པར་གྲུབ་པ་ངོས་འཛིན་བྱས་ཡོད། ཧྲ་ཏི་ཏེ་·ཨ་པུའུ་ཏུའུ་མའེ་ཐིང་གིས་མི་བསད་འཁོན་ལན་སློག་པའི་ངན་ཇུས་བཤམས་པ་དང་། ཁྲེན་ཆེ་གེ་མོའི་གདོང་དང་སྐེ་ལ་གྲིས་ཐེངས་མང་པོ་བཙུགས་ནས་ཁྲེན་ཆེ་གེ་མོ་རྐྱེན་ལམ་དུ་ཤོར་ཞིང་། བྱེད་སྟངས་དེའི་ཀུན་སློང་ཐ་ཤལ་དང་གདུག་རྩུབ་ཆེ་བ། ཉེས་པ་ཆེན་པོ་བསགས་ཤིང་མཇུག་འབྲས་ཧ་ཅང་ཚབས་ཆེ་བ་བཅས་ཡིན་པས་ཁྲིམས་ལྟར་ཉེས་ཆད་གཅོད་དགོས་བའི་ཐག་བཅད།
     འདྲི་ཞིབ་བྱེད་རིང་། ཁྲིམས་ཁང་གིས་ཁྲིམས་ལྟར་ཞུ་གཏུག་འཁེལ་མི་ཧྲ་ཏི་ཏེ·ཨ་པུའུ་ཏུའུ་མའེ་ཐིང་ལ་དག་འབུད་པ་དང་། ཡིག་སྒྱུར། ཁེ་སྐྱོང་ཐུག་འཕྲད་སོགས་གཏུག་བཤེར་དབང་ཆ་འགན་ལེན་གང་ལེགས་བྱས་པ་དང་། དཔྱད་ཁྲ་ཁྱབ་བསྒྲགས་མ་བྱང་གོང་ཁྲིམས་ལྟར་ཀྲུང་གོར་བཅའ་སྡོད་ཀྱི་ཨ་རིའི་གཞུང་ཚབ་ཁང་ལ་བརྡ་བཏང་ཞིང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཨུ་ཡོན། ལས་རིགས་ཁག་གི་མང་ཚོགས་བཅས་མི་20ལྷག་གིས་གྱོད་གཞིའི་དཔྱད་ཁྲ་ཁྱབ་བསྒྲགས་ཟུར་ཉན་བྱས་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།