ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

སློབ་མར་གཅར་རྡུང་བྱེད་མཁན་གྱི་དགེ་རྒན་དེ་ལས་གནས་ནས་་་

སྤེལ་དུས 2022-05-23 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
           ཉེ་ཆར། ཡུན་ནན་ཞིང་ཆེན་ཀྲའོ་ཐུང་གྲོང་ཁྱེར་ལུའུ་ཏན་རྫོང་གི་སློབ་གྲྭ་ཞིག་གི་དགེ་རྒན་གྱིས་སློབ་མར་གཅར་རྡུང་བྱས་པའི་བརྙན་རིས་ལ་སྤྱི་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་བཞིན་ཡོད། དེའི་ཐད་ལུའུ་ཏན་རྫོང་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་ཚེས22ཉིན་བརྡ་ཁྱབ་བཏང་དོན། བརྟག་དཔྱད་འབྲས་བུ་དང་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས། འབྲེལ་ཡོད་འགན་འཛིན་པ་དང་སྡེ་ཁག་ལ་ཐག་གཅོད་བྱས་ཤིང་། དོན་རྐྱེན་དང་འབྲེལ་བ་ཡོད་པའི་དགེ་རྒན་ལ་ལས་གནས་ཀྱི་རིམ་པ་དམའ་རུ་གཏོང་བའི་ཆད་པ་བཅད་པ་མ་ཟད། དགེ་རྒན་གྱི་ལས་གནས་ནས་འཕོས་ཡོད་པ་རེད། ས་གནས་དེ་གར་རྫོང་ཡོངས་ཀྱི་སློབ་གྲྭ་ཚང་མ་སྒྲིག་འཛུགས་བྱས་ནས་དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་གྱི་སློབ་གསོ་གཏིང་ཟབ་མོ་སྤེལ་བཞིན་ཡོད་ཅེས་བསྟན་པ་རེད།
           བརྡ་ཁྱབ་ནང་བསྟན་དོན། ཉེ་ཆར་ཡུན་ནན་ཀྲའོ་ཐུང་གི་སློབ་གྲྭ་ཞིག་གི་དགེ་རྒན་གྱིས་སློབ་མར་གཅར་རྡུང་བྱས་པའི་བརྙན་རིས་དྲ་རྒྱའི་ཐོག་ཁྱབ་པ་དང་། བརྙན་དེའི་ནང་དོན་དོན་དངོས་ཡིན་པ་སྟེ། དེ་ནི2022ལོའི་ཟླ5པའི་ཚེས10ཉིན་ལུའུ་ཏན་རྫོང་སློབ་འབྲིང་གཉིས་པ་ནས་བྱུང་བ་ཞིག་རེད། དོན་རྐྱེན་དེ་བྱུང་རྗེས་ལུའུ་ཏན་རྫོང་སློབ་གསོ་ལུས་རྩལ་ཅུས་ཀྱིས་མྱུར་དུ་སློབ་མ་ལིའུ་ཆེ་གེ་མོ་རྫོང་མི་དམངས་སྨན་ཁང་དུ་བསྐྱལ་ཞིང་། ལུས་པོ་ཡོངས་ལ་བརྟག་དཔྱད་བྱས་པ་བརྒྱུད་རྨས་སྐྱོན་ཕོག་མེད་པས། སློབ་མ་དེ་སློབ་གྲྭ་ནས་རྒྱུན་ལྡན་ལྟར་སློབ་ཁྲིད་ལ་ཞུགས་པ་རེད།
           བརྟག་དཔྱད་འབྲས་བུ་དང་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ན། ལུའུ་ཏན་རྫོང་གིས་འབྲེལ་ཡོད་འགན་འཛིན་པ་དང་ལུའུ་ཏན་རྫོང་སློབ་གསོ་ལུས་རྩལ་ཅུས་ལ་འདི་ལྟར་ཐག་གཅོད་བྱས་པ་སྟེ། གཅིག་ནས་དོན་དག་དང་འབྲེལ་བ་ཡོད་པའི་དགེ་རྒན་མཱ་ཆེ་གེ་མོར་ལས་གནས་ཀྱི་རིམ་པ་དམའ་རུ་གཏོང་བའི་ཆད་པ་གཅོད་པ་མ་ཟད་དགེ་རྒན་གྱི་ལས་གནས་ནས་འཕོ་རྒྱུ་དང་། གཉིས་ནས་སློབ་གྲྭ་དེའི་དགེ་རྒན་གྱི་ཀུན་སྤྱོད་བདག་དམ་གྱི་འགན་འཁུར་བའི་ཏང་ཀྲི་པུའུ་ཧྲུའུ་ཅིར་ཏང་ནང་ཐ་ཚིག་སྒྲོག་པའི་ཆད་པ་གཅོད་རྒྱུ། གསུམ་ནས་སློབ་གྲྭ་དེའི་སློབ་གཙོར་སྲིད་དོན་ཐ་ཚིག་སྒྲོག་པའི་ཆད་པ་གཅོད་རྒྱུ། བཞི་ནས་ལུའུ་ཏན་རྫོང་སློབ་གསོ་ལུས་རྩལ་ཅུས་ལ་བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བྱ་རྒྱུ་དང་། སློབ་གསོ་ལུས་རྩལ་ཅུས་ཀྱི་འགན་འཛིན་པ་གཙོ་བོས་རྫོང་མི་དམངས་སྲིད་གཞུང་ལ་ཡིག་ཐོག་ནས་རང་སྐྱོན་ཞིབ་བཤེར་བྱ་རྒྱུ་བཅས་སོ།
           བརྡ་ཁྱབ་ནང་ད་དུང་བརྗོད་དོན། ལུའུ་ཏན་རྫོང་གིས་སྒྲིག་འཛུགས་བྱས་ནས་རྫོང་དེ་ཡོངས་ཀྱི་སློབ་གྲྭ་ཚང་མས་དོན་འདིས་མཚོན་པའི་བསླབ་བྱ་སྡུད་ལེན་བྱས་ཏེ། གཏིང་ཟབ་མོའི་སྒོ་ནས་དགེ་རྒན་གྱི་ཀུན་སྤྱོད་སློབ་གསོ་སྤེལ་བ་དང་། ནན་ཏན་སྒོས་སློབ་གསོ་དང་སློབ་ཁྲིད་ཀྱི་སྒྲིག་ལམ་ཡག་པོ་སྲུང་དགོས་ཞེས་བསྟན་ཡོད།