ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

བོད་ལྗོངས་སུ་ལོ16གོང་གི་མི་བསད་གྱོད་དོན་ཞིག་རྩད་ཆོད་པ།

སྤེལ་དུས 2022-06-06 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
           ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་གི་ཉེན་རྟོག་ཕྱོགས་ཀྱིས་མི་བསད་རྗེས་བྲོས་བྱོལ་དུ་ཕྱིན་ནས་ལོ16འགོར་བའི་དོགས་ཡོད་ཉེས་ཅན་མི3འཛིན་བཟུང་བྱས་ཤིང་། མི་བསད་གྱོད་དོན་རྩད་གཅོད་པའི་བྱ་བར་གྲུབ་འབྲས་གསར་པ་ཐོབ་པ་རེད།
           2006ལོའི་ཟླ6པའི་ཚེས9ཉིན། སྤོ་བོ་རྫོང་གི་སྒོ་ངའི་བག་ལེབ་ཚོང་ཁང་ཞིག་གི་སྦྱིན་བདག་བསད་པའི་གྱོད་དོན་ཐོན། གྱོད་དོན་བྱུང་རྗེས་སྤོ་བོ་རྫོང་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པ་འཕྲལ་དུ་ཡུལ་དངོས་སུ་སོང་ནས་རྩད་ཞིབ་བྱས་རྗེས། ཉེན་རྟོག་པས་ཡུལ་དངོས་ནས་མཛུབ་རིས་ཤིག་དང་ཉེས་གསོག་ལག་ཆ་ཞིག་རྙེད་པ་རེད། ཞིབ་དཔྱད་བྱས་རྗེས། མཛུབ་རིས་དེ་ནི་ཕལ་ཆེར་དོགས་ཡོད་ཉེས་ཅན་དེའི་མཛུབ་རིས་ཡིན་པར་ཚོད་དཔག་ཐུབ་པ་རེད། མི་དམངས་ཉེན་རྟོག་པས་གྱོད་དོན་བྱུང་ཡུལ་ལྟེ་བར་བཟུང་ནས་མཐིལ་རྟོགས་གྲལ་བཤེར་དང་བཅར་འདྲིའི་ལས་དོན་འབོར་ཆེན་སྤེལ་མོད། འོན་ཀྱང་རིན་ཐང་ལྡན་པའི་ཁུངས་སྣེ་གཞན་ཅི་ཡང་མ་རྙེད་པས།  གསོད་མཁན་གྱི་ཐོབ་ཐང་དེ་གསང་བ་ལྟ་བུ་ཞིག་ཏུ་གྱུར་ནས་གྱོད་དོན་རྩད་གཅོད་ལས་དོན་ལ་དཀའ་ངལ་འཕྲད་པ་རེད།

སྤོ་བོ་རྫོང་གི་ཉེན་རྟོག་པས་དོགས་ཡོད་ཉེས་ཅན་འཛིན་བཟུང་བྱས་ནས་ཁྲིམས་ལ་སྦྱར་བ།  
            ལོ་ངོ16རིང་གྱོད་དོན་སྒྲུབ་མཁན་མི་དམངས་ཉེན་རྟོག་པ་གསར་རྙིང་བརྗེ་བའི་རིང་ཐོག་མཐའ་བར་གསུམ་དུ་གྱོད་དོན་ལ་རྩད་གཅོད་བྱ་རྒྱུ་ལྷོད་ཡངས་སུ་མ་བཏང་བར། བྱ་ཐབས་ཡོད་རྒུ་བཏོན་ནས་ཉེས་ཅན་ཁྲིམས་ལ་སྦྱོར་ཐབས་བྱས་པ་རེད།
           2020ལོར་སྤྱི་བདེ་པུའུ་ཡིས་རྒྱལ་ཡོངས་སུ་རྣམ་པ་གསར་པའི་འཛིན་བཟུང་བྱ་སྤྱོད་སྤེལ་རྒྱུའི་བཀོད་སྒྲིག་བྱས་པ་དང་། སྤོ་བོ་རྫོང་སྤྱི་བདེ་ཅུས་ཀྱིས་ཧུར་ཐག་སྒོས་བཀོད་སྒྲིག་དང་གོ་རིམ་ལྡན་པའི་ངང་འཆར་གཞི་བཟོས་ནས་སླར་ཡང་ཉེན་རྟོག་པ་སྐོང་འཐེན་གྱིས་ཆེད་དོན་འཛིན་གྲྭ་བཙུགས་ནས་ཆེད་དུ་གྱོད་དོན་དེ་རྩད་གཅོད་བྱས་པ་རེད།
           མི་ལ་བརྩོན་འགྲུས་ལྡན་གྱུར་ན། །འཇིག་རྟེན་འདི་ན་དཀའ་བ་མེད། །ཅེས་པ་ལྟར། སྤྱི་བདེ་པུའུ་ཡི་དངོས་དཔང་གསལ་འབྱེད་ལྟེ་གནས་མང་པོའི་ཤུགས་ཆེའི་རྒྱབ་སྐྱོར་འོག 2022ལོའི་ཟླ5པར་སྤོ་བོ་རྫོང་གི་ཉེན་རྟོག་ཕྱོགས་ཀྱི་གྱོད་དོན་རྩད་གཅོད་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་སྟེ། ལོ་དེའི་ཡུལ་དངོས་ཀྱི་མཛུབ་རིས་གསལ་འབྱེད་དང་དཔྱད་བསྡུར་བྱས་པ་བརྒྱུད་དེ། སི་ཁྲོན་ཞིང་ཆེན་ལི་ཐང་རྫོང་གི་སྐྱེས་པ་ཞིག་གི་མཛུབ་རིས་དང་མི་བསད་གྱོད་དོན་དེའི་ཡུལ་དངོས་ཀྱི་མཛུབ་རིས་གཉིས་མཐུན་པ་ར་སྤྲོད་བྱུང་བས། སྐྱེས་པ་དེ་ཕལ་ཆེར་ལོ16རིང་བྲོས་བྱོལ་བྱས་པའི་ཉེས་ཅན་དེ་ཡིན་པ་ཤེས་རྟོགས་བྱུང་།
           གནས་ཚུལ་དེ་ཐོས་རྗེས་སྤོ་བོ་རྫོང་སྤྱི་བདེ་ཅུས་ཀྱིས་འཕྲལ་མར་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ། ལི་ཐང་རྫོང་དུ་གནས་ཚུལ་རྩད་ཞིབ་དང་ཉེས་ཅན་འཛིན་བཟུང་བྱེད་པར་ཕྱིན་པ་རེད། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གྱི་འབྲེལ་ཡོད་ལས་ཁུངས་ཀྱི་ཤུགས་ཆེན་པོའི་གཞོགས་འདེགས་འོག་མཐར་དོགས་ཡོད་ཉེས་ཅན་པད་ཆེ་གེ་མོ་འཛིན་བཟུང་བྱས་པ་རེད། འཕྲལ་དུ་ཞིབ་བཤེར་བྱས་པ་བརྒྱུད་དོགས་ཡོད་ཉེས་ཅན་པད་ཆེ་གེ་མོ་ཡིས2006ལོའི་ཟླ6པའི་ཚེས9ཉིན་སྤོ་བོ་རྫོང་དུ་སྒོ་ངའི་བག་ལེབ་ཚོང་ཁང་གི་སྦྱིན་བདག་བསད་པའི་དོན་དངོས་ཉེས་པ་ཁས་ལེན་བྱས་པ་མ་ཟད། མཚང་མིང་ལ་པིང་པིང་དང་ཀྲ་ལེ་ཟེར་བའི་ལག་རོགས་དོགས་ཡོད་ཉེས་ཅན་གཞན་གཉིས་ཀྱང་ངོས་ལེན་བྱས་པ་རེད། གྱོད་དོན་ཚོ་ཆུང་གིས་བསྟུད་མར་འབད་འཐབ་བྱས་པ་བརྒྱུད་དོགས་ཡོད་ཉེས་ཅན་གཞན་གཉིས་སྔ་རྗེས་སུ་ཁྲིམས་རྒྱར་ཚུད། ད་བར་ལོ16འགོར་བའི་མི་བསད་པའི་གྱོད་དོན་རྩད་ཆོད་པས། སྤོ་བོའི་ཉེན་རྟོག་པས་མཐར་གནོད་འཚེ་ཕོག་མཁན་གྱི་ཁྱིམ་མིར་གསལ་བཤད་བྱ་ཐུབ་པ་བྱུང་བ་རེད།
           ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་དོགས་ཡོད་ཉེས་ཅན3པོ་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་ཤིང་གྱོད་དོན་མུ་མཐུད་ཐག་གཅོད་བྱེད་བཞིན་ཡོད།