ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

ལྷ་སའི་དྲ་གྲགས་ཟ་ཁང་ལ་ཞིབ་བཤེར་བྱས་འདུག

སྤེལ་དུས 2022-06-09 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
        དྲ་རྒྱའི་བཟའ་བཏུང་གིས་སྟབས་བདེ་དང་མགྱོགས་མྱུར་གྱི་ལེགས་ཆར་བརྟེན་ནས་མི་དེ་བས་མང་པོ་ཞིག་གིས་དགའ་བསུ་བྱེད་ཀྱིན་ཡོད། དྲ་རྒྱའི་བཟའ་བཏུང་གཉེར་སྐྱོང་བྱེད་ལུགས་ཚད་ལྡན་དུ་གཏོང་བ་དང་དྲ་རྒྱའི་བཟའ་བཏུང་ཁྱབ་ཁོངས་སུ་མཆིས་པའི་གནད་དོན་བཅོས་སྒྲིག་བྱ་ཆེད། ཟླ6པའི་ཚེས1ཉིན་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་མེ་ཐོན་དང་ཨུ་ལུ་མ་གཉིས་ཀྱི་ལས་དོན་མི་སྣ་སྒྲིག་འཛུགས་བྱས་ཏེ། མངགས་ཉོའི་གྲངས་འབོར་ཅུང་མང་བ་དང་གདེང་འཇོག་བྱེད་ཚད་ཅུང་མཐོ་བའི“དྲ་གྲགས་ཟ་ཁང”ལ་བདམས་བཤེར་བྱས་པ་རེད།

        ཁྲིམས་འཛིན་མི་སྣས་མེ་ཐོན་དང་ཨུ་ལུ་མ་གཉིས་ཀྱི་ལས་དོན་མི་སྣ་དང་མཉམ་འབྲེལ་བྱས་ཏེ། སྔ་རྗེས་སུ་ཞའོ་སི་ལུའུ་ཐུའུ་ཟ་ཁང་དང་། དྲི་ཞིམ་ཁ་ཚ་ཚགས་ཤའི་ཐུག་པ་ཡན་ལག་ཚོང་ཁང་གཉིས་པ། གྲོང་བྱང་གི་ལེ་ཧོ་བསྲེགས་ཟས་ཞ་སྨི་ཅང་ཧུའུ་ཚལ་དང་ཚའེ་ཏ་ཕང་ཞོག་ཁོག་བརྔོས་མའི་ཟ་ཁང་བཅས་ལ་ཞིབ་བཤེར་བྱས་པ་དང་། ཚོང་ཁང་དུ་སླེབས་ནས་ཁྲིམས་འཛིན་མི་སྣས་ཟ་ཁང་ནང་གི་ཐབ་ཚང་འཕྲོད་བསྟེན་དང་། བཟའ་བཅའི་རྒྱུ་ཆ། ཇ་མའི་བདེ་ཐང་ལག་ཁྱེར། ཟ་ཁང་གི་འབྲེལ་ཡོད་ལག་ཁྱེར་བཅས་ལ་ཞིབ་བཤེར་བྱས་ཤིང་། དྲ་ཐོག་ཟ་ཁང་གིས་འཕྲོད་བསྟེན་ལས་དོན་ཡག་པོ་བསྒྲུབས་ནས་བཟའ་བཅའི་བདེ་འཇགས་འགན་ལེན་བྱ་དགོས་པའི་བླང་བྱ་བཏོན་པ་རེད།

        ཁྲིམས་འཛིན་མི་སྣས་ཆུ་མིག་ལམ་དུ་ཡོད་པའི་གྲོང་བྱང་གི་ལེ་ཧོ་བསྲེགས་ཟས་ཞ་སྨི་ཅང་ཧུའུ་ཚལ་ཟས་ཁང་དང་། གཞན་མིང་ལ་གནམ་ལྕགས་བསྲེགས་ཟས་ཞེས་འབོད་པའི་ཟ་ཁང་ལ་ཞིབ་བཤེར་བྱེད་སྐབས་ཟ་ཁང་དེའི་དངོས་གཞིའི་ཚོང་ཁང་གི་ཐབ་ཚང་གི་གཙང་སྦྲའི་ཁོར་ཡུག་སྦགས་བཙོག་དང་། ཟང་ཟིང་གི་སྣང་ཚུལ་གནས་པ། ཇ་མ་ཁ་ཤས་ཀྱིས་བདེ་ཐང་ལག་ཁྱེར་གཉེར་མེད་པ། མཛོད་ཁང་ནང་གི་བཟའ་བཅའི་རྒྱུ་ཆ་གང་བྱུང་དུ་སྤུངས་པའི་སྣང་ཚུལ་ཡོད་པ། ཚོང་ཟོག་ནང་འདྲེན་བྱེད་སྐབས་ཞིབ་བཤེར་རྩིས་ལེན་ཆ་ཚང་བཀོད་པ་མེད་པ་བཅས་ཤེས་རྟོགས་བྱུང་བ་རེད།

        ཞིབ་བཤེར་བྱེད་རིང་གསར་རྙེད་ཀྱི་གནད་དོན་ལ་དམིགས་ནས་ཁྲིམས་འཛིན་མི་སྣས་མེ་ཐོན་དང་ཨུ་ལུ་མ་ལས་སྟེགས་ཀྱི་ལས་དོན་མི་སྣར་འབྲེལ་ཡོད་ཚོང་པའི་དྲ་ཐོག་གི་གཉེར་སྐྱོང་སྒོ་རྒྱག་དགོས་པའི་བཀའ་བཏང་བ་དང་། དུས་མཚུངས་སུ་ཁྲིམས་འཛིན་མི་སྣས་ཚོང་ཁང་དེ་ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་པ་རེད། མེ་ཐོན་ལས་དོན་མི་སྣས་གསར་འགོད་པར“རྒྱུན་གཏན་གྱི་ཞིབ་བཤེར་བརྒྱུད་རིམ་ཁྲོད་ང་ཚོས་ཟ་ཁང་ལ་འཕྲོད་བསྟེན་རིམས་འགོག་ཐད་ཀྱི་བཙོག་ཟིང་ཞན་གསུམ་གྱི་སྣང་ཚུལ་ཡོད་པ་ཤེས་ཚེ་འཕྲལ་མར་དྲ་ཐོག་ནས་ཕྱིར་འབུད་བྱེད་ཀྱིན་ཡོད། ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་དེར་བཅོས་སྒྲིག་དང་ཞིབ་བཤེར་བྱས་རྗེས་གཞི་ནས་སླར་ཡང་ལས་གཉེར་སླར་གསོ་བྱ་ཆོག”ཅེས་བཤད།

        གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ལྷ་ས་གྲོང་ཁྱེར་དྲ་ཐོག་ཟ་ཁང་གི་མེ་ཐོན་ཁྱོན་བསྡོམས3000ལྷག་ཙམ་དང་ཨུ་ལུ་མ་ཁྱོན་བསྡོམས1500ལྷག་ཙམ་ཡོད་པ་རེད། མེ་ཐོན་དང་ཨུ་ལུ་མ་གཉིས་ཀྱིས་ལྷ་ས་གྲོང་ཁྱེར་གྱིས་ཇུས་འགོད་བྱས་ནས་བཟོས་པའི་བཟའ་བཅའི་བདེ་འཇགས་སྦྱར་ཤོག་ཟ་ཁང་སོ་སོར་སྤྲད་པ་དང་། མངགས་ཟས་ཐུམ་སྒྲིལ་ཁུག་མའི་ཐོག་སྦྱར་ནས་སྡེབ་སྐྱེལ་བརྒྱུད་རིམ་ཁྲོད་བཟའ་བཅའི་བདེ་འཇགས་འགན་ལེན་བྱས་ཡོད།

        ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་ལྷག་པ་བཟང་མོ་ཡིས། “དེ་རིང་མེ་ཐོན་དང་ཨུ་ལུ་མ་གཉིས་ཀྱིས་བཟའ་བཏུང་ལས་སྟེགས་ཀྱི་འབྲེལ་ཡོད་འགན་འཁུར་བ་སྒྲིག་འཛུགས་བྱས་ཏེ་མཉམ་འབྲེལ་ཐོག་བཟའ་བཏུང་ལས་སྟེགས་ཀྱི་མངགས་ཉོའི་གྲངས་འབོར་དང་དཔྱད་བརྗོད་ཅུང་མང་བའི་བཟའ་བཏུང་གཉེར་མཁན་ལ་བདམས་བཤེར་བྱས་པས། སྤྱིའི་གནས་ཚུལ་ཅུང་ཡག་པོ་ཡོད་པ་དང་། བཟའ་བཏུང་གཉེར་སྐྱོང་དུད་ཚང་ཁ་ཤས་ལ་བཟའ་བཅའི་གསོག་ཉར་ཚད་ལྡན་མིན་པ་དང་འཕྲོད་བསྟེན་ཆ་རྐྱེན་ཅུང་ཞན་པའི་གནད་དོན་གནས་ཡོད། རྗེས་ཕྱོགས་ང་ཚོས་བཟའ་བཏུང་མངགས་ཉོའི་ལས་རིགས་ལ་བཅོས་སྒྲིག་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་དྲ་ཐོག་དང་དྲ་འོག་མཉམ་འགུལ་རྒྱུན་མཐུད་ཀྱིས་སྐུལ་འདེད་གཏོང་བ་དང་། བཟའ་བཏུང་མངགས་ཉོའི་ལས་རིགས་ཀྱི་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་ཡག་པོ་ཡོང་བ་བྱས་ཏེ་མངགས་ཉོའི་བཟའ་བཏུང་ལས་སྟེགས་ཀྱི་བྱེད་པོའི་འགན་འཁྲི་ཇེ་ནན་དུ་གཏོང་རྒྱུ་ཡིན”ཞེས་བཤད།
རྩོམ་སྒྲིག་པ། བདེ་སྒྲོན།