རི་སྐྱེས་སྲོག་ཆཊ་ཀྱིས་བསད་པའི་མི་དེའི་ཁྱིམ་མིར་གུན་གསབ་སྤྲད་འདུག
སྤེལ་དུས 2022-07-19
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
རྩོམ་པ་པོ།
གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱིས་རི་སྐྱེས་སྲོག་ཆགས་ཀྱིས་མི་བསད་པའི་རྗེས་ཀྱི་འགན་བཅོལ་གུན་གསབ་སྤྲོད་རྒྱུ་ལེགས་སྒྲུབ་བྱས་པ་དང་། གནོད་འཚེ་ཕོག་མཁན་གྱི་ནང་མིར་སྒོར་ཁྲི་60ཡི་གུན་གསབ་སྤྲད་པ་རེད།
སྤྱི་ཟླ་5པའི་ཚེས་23ཉིན་གྱི་སྔ་དྲོར། མོན་ཡོན་ཧུད་རིགས་རང་སྐྱོང་རྫོང་གི་འབྲོག་པ་ཨེན་ཆེ་གེ་མོ་ཕྱུགས་རིགས་ཕྱིར་འཚོལ་བར་སོང་ཡང་། ཉིན་དེའི་དགོང་མོར་ད་དུང་ཁྱིམ་དུ་ལོག་མེད་པས། ནང་མི་ཚོས་ཉེན་བརྡ་གཏོང་བ་དང་འབྲེལ་འཚོལ་འགོ་ཚུགས་ཡོད། སྤྱི་ཟླ་5པའི་ཚེས་26ཉིན་གྱི་ཆུ་ཚོད་8དང་སྐར་མ་35ཡོལ་ཙམ་ལ། ཕྱི་རོལ་དུ་ཨེན་ཆེ་གེ་མོའི་ཕུང་པོ་རྙེད་ནས། གསོ་རིག་གི་གསལ་འབྱེད་བྱས་པ་བརྒྱུད་ཕྱི་རོལ་དུ་གཏུམ་རྒོད་སྲོག་ཆགས་ཀྱི་ཚུར་རྒོལ་ཕོག་པར་བསྟན། མོན་ཡོན་རྫོང་ནགས་ལས་དང་རྩྭ་ཐང་ཅུས་དང་། ཁོངས་གཏོགས་ཀྱི་ཤང་གྲོང་དང་དེ་བཞིན་མི་དམངས་རྒྱུ་ནོར་འགན་བཅོལ་གྱི་མོན་ཡོན་ཡན་ལག་ཀུང་སིའི་ལས་དོན་མི་སྣ་འཕྲལ་དུ་ས་གནས་ས་ཐོག་ཏུ་བསྐྱོད་པ་དང་འབྲེལ། འབྲེལ་ཡོད་གནས་ཚུལ་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ལ་སྙན་སེང་ཞུས་པ་རེད།
ས་གནས་ས་ཐོག་ཏུ་བརྟག་དཔྱད་བྱས་པ་བརྒྱུད། འགན་བཅོལ་འགན་འཁྲིའི་ཁྱབ་ཁོངས་ནང་གི་ལས་འཛོལ་ཁོངས་སུ་གཏོགས་པ་དང་། སྤྱི་ཟླ་6པའི་ཚེས་2ཉིན། དོན་རྐྱེན་བརྟག་དཔྱད་ལས་དོན་ལེགས་སྒྲུབ་བྱས་པ་དང་། སྤྱི་ཟླ་6པའི་ཚེས་15ཉིན། གནོད་འཚེ་ཕོག་མཁན་གྱི་ཁྱིམ་མིའི་རྩིས་ཁྲར་སྒོར་ཁྲི་60ཡི་སྐྱིན་ཚབ་སྤྲད་པ་རེད། ད་ཐེངས་འགན་བཅོལ་གུན་གསབ་ཀྱི་བརྒྱུད་རིམ་དང་། དུས་ཚོད། མ་དངུལ་དོན་འཁྱོལ་བྱས་ཚུལ་བཅས་དེ་སྔ་ལས་ལོ་གཅིག་གིས་སྔ་བ་ཡོད་པ་དང་། གནོད་འཚེ་ཕོག་པའི་མང་ཚོགས་ལ་གུན་གསབ་མགྱོགས་མྱུར་ཐོབ་པའི་འགན་ལེན་བྱས་པ་རེད། སྤྱི་ཟླ་7པའི་ཚེས་14ཉིན། གནོད་འཚེ་ཕོག་མཁན་གྱི་ནང་མིས་རང་འགུལ་ངང་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ལ། བརྩེ་སེམས་མང་ཚོགས་ལ་བཅངས་ནས་ཐོག་མའི་བསམ་འདུན་མ་བརྗེད་པར། མི་དམངས་ཆེད་དུ་སྲིད་ལ་བརྩོན་པས་བྱས་རྗེས་བསྐལ་བརྒྱར་བཞག་ཅེས་པའི་དྲིན་གཟོའི་གོས་དར་ཕུལ་ཡོད།
རྩོམ་སྒྲིག་པ། བདེ་སྒྲོན།