“ཉིན་བརྒྱའི་ལས་འགུལ”སྤེལ་བ་ནས་བཟུང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་སྟོད་ལུང་བདེ་ཆེན་སྤྱི་བདེ་ཡན་ལག་ཅུས་ཀྱིས“གྱོད་གཞི་ཆེན་པོ་ཐོན་ཚེ་ངེས་པར་དུ་སེལ་བའི”འདུ་ཤེས་མཐའ་འཁྱོངས་ཀྱིས་དཀའ་ངལ་ཁྱད་བསད་དང་། འགག་སྒྲོལ་དཀའ་སེལ། འཐབ་ཕོད་པ་དང་རྒྱལ་ཁ་ཐོབ་ངེས་ཡིན་པ། ཨང་དང་པོ་བརྩོན་ལེན་བཅས་ཀྱི་འགག་སྒྲོལ་ངར་ཤུགས་དར་སྤེལ་བཏང་ནས། ཆ་འཕྲིན་ཅན་དང་ཚན་རྩལ་ཅན་གྱི་ཉེས་དོན་ཚན་རིག་གི་བྱེད་ཐབས་ཕྱོགས་བསྡུས་ཐོག་སྤྱད་ཡོད་ལ། རིམ་པ་མང་བ་དང་ཕྱོགས་མང་བའི་མྱུལ་ཞིབ་བྱེད་ཐབས་ཀྱང་སྤྱད། ཟླ7པའི་ཚེས15ཉིན་སྟོད་ལུང་བདེ་ཆེན་སྤྱི་བདེ་ཡན་ལག་ཅུས་ཀྱིས་དྲ་ཐོག་ཁ་ཆད་རླངས་འཁོར་ལ་འཕྲོག་བཅོམ་བྱེད་པའི་གྱོད་གཞི་ཞིག་རྩད་ཆོད།
གྱོད་གཞིའི་ཞིབ་ཕྲའི་གནས་ཚུལ།
ཟླ7པའི་ཚེས12ཉིན་གྱི་ཐོ་རེངས་སུ་སྟོད་ལུང་བདེ་ཆེན་སྤྱི་བདེ་ཡན་ལག་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་ལ་དྲ་ཐོག་ཁ་ཆད་རླངས་འཁོར་གྱི་ཁ་ལོ་བ་དབྱང་ཆེ་གེ་མོའི་ཉེན་བརྡ་ཞིག་འབྱོར་ཏེ“ང་ལ་འགྲུལ་པས་འཕྲོག་བཅོམ་བྱས་བྱུང”ཞེས་བཤད། ཉེན་བརྡ་འབྱོར་རྗེས་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་འཕྲལ་མར་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་ཡུལ་དངོས་སུ་འབྲེལ་ཡོད་བརྟག་དཔྱད་དཔང་ལེན་གྱི་ལས་དོན་སྤེལ་བར་བསྐྱོད།
བརྟག་དཔྱད་བྱས་པ་བརྒྱུད། མི་དམངས་ཉེན་རྟོག་པས་ཤེས་རྟོགས་བྱུང་བར། ཟླ7པའི་ཚེས12ཉིན་གྱི་ཐོ་རེངས་སུ་དྲ་ཐོག་ཁ་ཆད་རླངས་འཁོར་གྱི་ཁ་ལོ་བ་དབྱང་ཆེ་གེ་མོས་སྟོད་ལུང་བདེ་ཆེན་ཆུས་ཀྱི་ལས་ཁུངས་ཤིག་གི་སྒོ་འགྲམ་ནས་འགྲུལ་པ་སྐྱེས་པ་གཉིས་བསུས་ཏེ་སྟོད་ལུང་བདེ་ཆེན་ཆུས་བཟང་མོ་གྲོང་ཚོའི་བུ་བཅོལ་ཁང་གི་ཉེ་འགྲམ་དུ་བསྐྱོད།
དམིགས་སར་འབྱོར་རྗེས་འགྲུལ་པ་ཞིག་སྔོན་ལ་རླངས་འཁོར་ནས་བབས་པ་དང་། སྐད་འཕྲིན་བརྒྱུད་ཁ་ལོ་བ་དབྱང་ཆེ་གེ་མོར་བདལ་གླ་སྒོར14.14སྤྲད་པ་དང་། དེ་རྗེས་འགྲུལ་པ་ཕུར་ཆེ་གེ་མོས་ཁ་ལོ་བ་དབྱང་ཆེ་གེ་མོར་བཟང་མོ་གྲོང་ཚོའི་བོགས་གཏོང་ཁང་པ་ཞིག་གི་ཉེ་འགྲམ་དུ་བསྐྱལ་རྒྱུའི་རེ་བ་བཏོན། ཕུར་ཆེ་གེ་མོ་དམིགས་སར་བསྐྱལ་རྗེས་སུ་བདལ་གླའི་གནད་དོན་གྱིས་རྐྱེན་པས་ཁ་ལོ་བ་དབྱང་ཆེ་གེ་མོ་དང་ཁ་རྩོད་ཤོར་བ་མ་ཟད། ཕུར་ཆེ་གེ་མོས་ཁ་ལོ་བ་དབྱང་ཆེ་གེ་མོའི་འགྲམ་པ་གཡས་ལ་ཁུ་ཚུར་གསུམ་དང་ཕྲག་པར་ཁུ་ཚུར་གཅིག་གཞུས་པ་དང་འབྲེལ། ད་གིན་སྤྲད་པའི་བདལ་གླ་དག་སློག་དགོས་ཞེས་བཙན་གྱིས་བཤད།
དེའི་རིང་དུ་ཁ་ལོ་བ་དབྱང་ཆེ་གེ་མོས་ཡང་བསྐྱར་གནོད་འཚེ་ཕོག་པར་སྐྲག་ནས་སྐད་འཕྲིན་བརྒྱུད་ཕུར་ཆེ་གེ་མོར་བདལ་གླ་ཐེངས་གཉིས་པའི་སྒོར13.47བསློགས། འོན་ཀྱང་སྐབས་དེར་ཕུར་ཆེ་གེ་མོས་ཡང་བསྐྱར་ཁ་ལོ་བ་དབྱང་ཆེ་གེ་མོར་བདལ་གླ་སྒོར30སློག་དགོས་པའི་རེ་བ་བཏོན། ཁ་ལོ་བ་དབྱང་ཆེ་གེ་མོས་ཐེངས་དང་པོར་བདལ་གླ་སྒོར14.14ལས་བླངས་མེད་པར་སྒོར30སློག་དགོས་དོན་གང་ཡིན་ཞེས་དྲིས་པ་ན། སྐད་ཆ་དེ་ཐོས་རྗེས། ཕུར་ཆེ་གེ་མོས་ཁ་ལོ་བ་དབྱང་ཆེ་གེ་མོའི་རླངས་འཁོར་གྱི་སྒེའུ་ཁུང་ལ་ཐེངས་མང་གཞུས་པར་མ་ཟད།“སྟོད་ལུང་དུ་ངས་གང་བཤད་རེད”ཅེས་ཁ་ཕོ་བསྒྲགས། ཁ་ལོ་བ་དབྱང་ཆེ་གེ་མོས་འཇིགས་སྐུལ་འོག་ཡང་བསྐྱར་སྐད་འཕྲིན་བརྒྱུད་ཕུར་ཆེ་གེ་མོར་སྒོར30བསློགས།
ཁ་ལོ་བ་དབྱང་ཆེ་གེ་མོས་ཕུར་ཆེ་གེ་མོར་བསྡོམས་པས་སྒོར43.47སྤྲད་རྗེས། ཕུར་ཆེ་གེ་མོས་དོ་སྣང་མ་བྱས་པའི་སྐབས་དང་བསྟུན་ནས་འཕྲལ་མར་རླངས་འཁོར་བཏང་སྟེ་བྲོས་པ་དང་། སྟོད་ལུང་བདེ་ཆེན་སྤྱི་བདེ་ཡན་ལག་ཅུས་ལ་སྙན་སེང་ཞུ་བར་ཕྱིན། ཉེན་བརྡ་འབྱོར་རྗེས་སྟོད་ལུང་བདེ་ཆེན་སྤྱི་བདེ་ཡན་ལག་ཅུས་ཏང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ནས་འཕྲལ་མར་ཉེས་དོན་ཉེན་རྟོག་རུ་ཆེན་གྱི་མི་དམངས་ཉེན་རྟོག་པ་བཀོད་སྒྲིག་བྱས་ཏེ་བརྟག་དཔྱད་བྱས། དེ་རྗེས་མི་དམངས་ཉེན་རྟོག་པས་གནོད་འཚེ་ཕོག་མཁན་གྱི་སྐད་འཕྲིན་དངུལ་བསྡུའི་ཟིན་ཐོར་བལྟས་པ་དང་དབྱེ་ཞིབ་དང་ཞིབ་འཇུག་ཐག་གཅོད་བྱས་པ་བརྒྱུད་ཉེས་གསོག་དོགས་ཅན་ཕུར་ཆེ་གེ་མོ་ཡིན་པ་གཏན་འཁེལ་བྱས་པ་དང་འབྲེལ། ཟླ7པའི་ཚེས15ཉིན་གྱི་ཉིན་གུང་གི་ཆུ་ཚོད14དང་སྐར་མ20ཡི་ཐོག་ཏུ་སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་གྲོང་རྡལ་ནས་ཉེས་གསོག་དོགས་ཅན་ཕུར་ཆེ་གེ་མོ་འཛིན་བཟུང་བྱས།

འདྲི་ཞིབ་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་ཕུར་ཆེ་གེ་མོས་རང་ཉིད་ཀྱི་ཁྲིམས་འགལ་ཉེས་གསོག་གི་དོན་དངོས་སྦ་གསང་མེད་པར་ངོས་ལེན་བྱས། 《ཉེས་ཁྲིམས》ཀྱི་དོན་ཚན263པའི་གཏན་འབེབས་ལྟར་ན། འཕྲོག་བཅོམ་ཉེས་གསོག་ནི་བྱ་སྤྱོད་ཉེས་གསོག་གི་ཁོངས་སུ་གཏོགས་པ་དང་། དྲག་ཤུགས་འཇིགས་སྐུལ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་གཞུང་དང་སྒེར་གྱི་རྒྱུ་ནོར་འཕྲོག་བཅོམ་བྱས་ན་འཕྲོག་བཅོམ་གྱི་ཉེས་གསོག་གྲུབ་ཡོད། གནོད་འཚེ་ཕོག་མཁན་དབྱང་ཆེ་གེ་མོར་ཉེས་གསོག་དོགས་ཅན་ཕུར་ཆེ་གེ་མོས་དྲག་ཤུགས་ཀྱིས་བཙན་ཤེད་བྱས་རྐྱེན་འཇིགས་སྣང་གིས་རྐྱེན་པས་ཉེས་གསོག་དོགས་ཅན་ལ་རྒྱུ་དངོས་སྤྲད་པའི་བྱ་སྤྱོད་ནི་འཕྲོག་བཅོམ་ཉེས་གསོག་གྲུབ་ཡོད།
མིག་སྔར་ཉེས་གསོག་དོགས་ཅན་ཕུར་ཆེ་གེ་མོ་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་གྱོད་གཞི་དེར་སྔར་བས་མྱུལ་ཞིབ་བྱེད་བཞིན་ཡོད།
རྩོམ་སྒྲིག་པ། བདེ་སྒྲོན།