ཕོ་བྲང་པོ་ཏ་ལའི་སྤ་སེ་ལོག་འཚོང་བྱེད་མཁན15འཛིན་བཟུང་བྱས་པ།
སྤེལ་དུས 2022-08-03
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ།
ལྷ་སར་ཡུལ་སྐོར་བ་མང་བའི་དུས་ཚིགས་ཤར་བས་ཡུལ་སྐོར་མཛེས་ལྗོངས་ཁུལ་ཁག་གི་སྤ་སེ་བྲིན་ཁ་རྒྱུགས།
ལྷག་པར་དུ་ཕོ་བྲང་པོ་ཏ་ལའི་སྤ་སེ་ནི་དུས་ཚིགས་འདིར་དེ་བས་ཀྱང་རག་ཁག་པོ་ཡོད།

ཉེ་ཆར་ཡུལ་སྐོར་བ་དང་མང་ཚོགས་ཀྱིས་ཐང་ཆེན་མངགས་གཏོང་ཁང་གི་སྐོར་གཡེང་མི་དམངས་ཉེན་རྟོག་པར་ཕོ་བྲང་པོ་ཏ་ལའི་སྤ་སེ་འཚོང་ས་དང་ཕོ་བྲང་ཐང་ཆེན་གྱི་ཉེ་འགྲམ་དུ་སྤ་སེ་ལོག་འཚོང་བྱེད་མཁན་གྱིས་ཕོ་བྲང་པོ་ཏ་ལའི་སྤ་སེ་རིན་གོང་མཐོན་པོས་ཡུལ་སྐོར་བ་མང་ཚོགས་ལ་འཚོང་གི་ཡོད་པ་སྙན་སེང་ཞུས། བདེ་འཇགས་དང་གོ་རིམ་ལྡན་པའི་ཡུལ་སྐོར་ཚོང་རའི་ཁོར་ཡུག་ཅིག་བསྐྲུན་ཆེད། ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་ཀྱིས་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་འགོ་ཁྲིད་གཙོ་བོའི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་གཞིར་བཟུང་སྟེ་དབྱར་དུས་ཀྱི་བདེ་འཇགས་རྡུང་རྡེག་བཅོས་སྒྲིག་གི“ཉིན་བརྒྱའི་བྱ་སྤྱོད”ཁྲོད་ཀྱི“ཉེས་གསོག་གང་ཞིག་མངོན་གསལ་དོད་པོ་ཡོད་པ་ན་དེར་རྡུང་རྡེག་གཏོང་རྒྱུ་དང་། གང་དུ་གནད་དོན་ཡོད་ན་དེ་གར་གཙོ་གནད་ཀྱིས་བཅོས་སྒྲིག་བྱ་རྒྱུའི”ལས་ཀའི་བླང་བྱ་ལྟར། བདེ་འཇགས་རུ་ཆེན་གྱིས་སྣེ་ཁྲིད་ནས་འཕྲལ་མར་བརྟག་དཔྱད་ལས་དོན་གྱི་ཆེད་དོན་ཚོགས་པ་བཙུགས་ནས་སྔོན་ལ་བརྟག་དཔྱད་བྱས་ཤིང་། ཕོ་བྲང་པོ་ཏ་ལའི་སྤ་སེ་ལོག་འཚོང་གི་ཁུངས་སྣེར་ཆེད་དོན་བརྟག་དཔྱད་བྱས་ནས་ཉེས་གསོག་དོགས་ཅན15འཛིན་བཟུང་བྱས་ཏེ་ལྷ་སའི་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་བྱ་ཆེད་འགན་ལེན་སྲ་བརྟན་བྱས་ཡོད།

ཆེད་དོན་ཚོགས་ཆུང་གིས་བསྟུད་མར་ཉིན5ཡི་རིང་འབད་འཐབ་བྱས་པ་བརྒྱུད། སྔ་རྗེས་སུ་ཁྲེན་ཆེ་གེ་མོ་སོགས་ཉེས་གསོག་དོགས་ཅན15རྩད་ཆོད་པ་དང་། ལས་ཁུངས་དང་ཁེ་ལས10ལྷག་ལ་བསྐྱོད་ཅིང་། འདྲི་རྩད་ཟིན་ཐོ40བྲིས་པ་དང་། དཔང་མི་དང་ཡུལ་སྐོར་བ་སོགས་མི20ལྷག་ཙམ་དང་འབྲེལ་གཏུག་བཅས་བྱས་ནས་སྤ་སེ་ལོག་འཚོང་མཁན་དང་འབྲེལ་ཡོད་དཔང་རྟགས་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་དང་འབྲེལ་གཏན་འཁེལ་བྱས་ཤིང་། ཕྱོགས་མང་པོའི་དཔང་རྟགས་ལ་དམིགས་ནས་ཁྲེན་ཆེ་གེ་མོ་སོགས་ཉེས་གསོག་དོགས་ཅན15ཡིས་ཕོ་བྲང་པོ་ཏ་ལའི་སྤ་སེ་ལོག་འཚོང་བརྒྱབ་པ་སྦ་གསང་མེད་པར་ངོས་ལེན་བྱས། ཁྲེང་ཀོན་ཆུས་སྤྱི་བདེ་ཡན་ལག་ཅུས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》གཞིར་བཟུང་ཁྲིམས་འགལ་བྱེད་སྤྱོད་སྤེལ་མཁན15ལ་སྲིད་འཛིན་ཆད་གཅོད་བྱས།
ཉེན་རྟོག་ལས་ཁུངས་ཀྱིས་དྲན་སྐུལ་བྱས་དོན།
སྤ་སེ་ལོག་འཚོང་མཁན་གྱིས་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་ལ་གཏོར་བཤིག་བཏང་བར་མ་ཟད། སྤ་སེ་ལོག་འཚོང་མཁན་ཁག་ཅིག་གིས་ཐ་ན་ཁ་བསླུས་རྒྱག་པའི་རྣམ་པའི་ཐོག་ནས་ཡུལ་སྐོར་བ་དང་མང་ཚོགས་ལ་མགོ་སྐོར་གཏོང་གི་ཡོད། སྤ་སེ་ལོག་འཚོང་མཁན་གྱི་ཁྲིམས་འགལ་བྱ་སྤྱོད་ལ་ཉེན་རྟོག་ཕྱོགས་ཀྱིས་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་རྒྱུ་དང་ཉེས་གསོག་དང་འབྲེལ་བ་ཡོད་ཚེ་དེའི་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ་ཡིན་པ་རེད། ཡུལ་སྐོར་བ་ཚོས་ཕོ་བྲང་པོ་ཏ་ལར་ལྟ་སྐོར་བྱེད་སྐབས་གཞུང་ཕྱོགས་ཀྱི་ཐབས་ལམ་བརྒྱུད་ནས་སྤ་སེ་ཉོ་དགོས་པ་ལས་སྤ་སེ་ལོག་འཚོང་བྱེད་མཁན་ལ་ཡིད་ཆེས་བྱེད་མི་རུང་།
རྩོམ་སྒྲིག་པ། བདེ་སྒྲོན།