ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་བྱ་སྤྱོད་མྱུར་པོ་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་སྨན་རྫས་བདེ་འཇགས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་ལྟ་སྐུལ་ཞིབ་བཤེར་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་གི་བྱེད་ཐབས་ཁག་དོན་འཁྱོལ་ནུས་ལྡན་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྨན་རྫས་དང་ཡོ་བྱད་ཀྱི་སྤུས་ཚད་བདེ་འཇགས་འགན་ལེན་བྱས་པ་རེད།
ཟླ་8ཚེས་7ཉིན་ནས་9ཉིན་བར། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཁྱོན་སྨན་རྫས་སིལ་ཚོང་ཁེ་ལས་74ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ་དང་། སྨན་བཅོས་ཡོ་བྱད་སྡེབ་ཚོང་དང་སིལ་ཚོང་མཉམ་གཉེར་ཁེ་ལས་65ལ་མཐིལ་རྟོགས་གྲལ་བཤེར་བྱས་ནས་བཅོས་སྒྲིག་བྱེད་དགོས་པའི་བརྡ་ཐོ་4བཏང་བ་དང་། ལྟ་སྐུལ་ཞིབ་བཤེར་གྱི་བསམ་འཆར་ཡི་གེ་70སྤྲད་པ་རེད།
ལྷ་ས་གྲོང་ཁྱེར་གྱི་ལས་མཚམས་བཞག་ནས་བཅོས་སྒྲིག་བྱེད་དགོས་པའི་སྨན་རྫས་སིལ་ཚོང་ཁེ་ལས།
བོད་ལྗོངས་ཞང་ཞུང་གསོ་རིག་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སི། (ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཅང་སུའུ་ལམ་ཆེན་སྒོ་རྟགས་ཨང་2པ)
ལྷ་ས་དམངས་ཕན་སྨན་རྫས་ཕྱིར་ཚོང་ཚད་ཡོད་ཀུང་སི། (ལྷ་ས་གྲོང་ཁྱེར་བོད་ལྗོངས་སློབ་ཆེན་ཤར་ལམ་ཁྲོམ་གཞུང་ངོས་ཀྱི་ཚོང་སྡོད་ཉིས་ཆོད་ཐོག་བརྩེགས་ཁང་གི་ཐོག་སོ་དང་པོའི་སྒོ་རྟགས་ཨང་27པའི་བོགས་གཏོང་ཁང་པ)
གྲོང་ནུབ་ཆན་ཁྲེང་སྨན་རྫས་ཚོང་ཁང་ཆེ་མོ། (བོད་ལྗོངས་ལྷ་ས་གྲོང་ཁྱེར་བཅིངས་འགྲོལ་ནུབ་ལམ་སྒོ་རྟགས་ཨང་99པའི་ཚོང་ཁང)
ལྷ་སའི་ཙང་ཧྲེང་ཐང་སྨན་རྫས་ཕྱིར་ཚོང་ཚད་ཡོད་ཀུང་སི། (ལྷ་ས་གྲོང་ཁྱེར་དོག་སྡེ་ལམ་རྣམ་སྲས་མེ་ཏོག་གླིང་ཁུལ་གཉིས་པའི་སྒོ་རྟགས་ཨང་24པ)
གོང་གི་སྨན་རྫས་ཚོང་ཁང་བཞི་པོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་ཐབས་དོན་འཁྱོལ་ཡག་པོ་མ་བྱས་པས་ལས་མཚམས་བཞག་ནས་ཉིན་15ཡི་རིང་བཅོས་སྒྲིག་བྱེད་དགོས་པའི་བཀའ་བཏང་བ་རེད།
འདིར་དྲན་སྐུལ་ཞུ་རྒྱུར། གྲོང་ཁྱེར་ཡོངས་ཀྱི་སྨན་རྫས་ཚོང་གཉེར་ཁེ་ལས་ཀྱིས་མིག་སྔའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཛ་དྲག་དུས་བབ་གསལ་རྟོགས་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགན་འཁྲི་གལ་ཆེན་ཏན་ཏིག་འཁུར་བ་དང་ལྷ་ས་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་སྤྱི་བསྒྲགས(ཨང་8པ)ཀྱི་འབྲེལ་ཡོད་བླང་བྱ་གཞིར་བཟུང“སྨན་རྫས་རིགས་བཞིའི”དོ་དམ་བྱེད་ཐབས་ལག་བསྟར་ནན་པོ་བྱེད་པ་དང་རྒྱུན་གཏན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་ནན་པོ་བྱེད་དགོས།
རྩོམ་སྒྲིག་པ། བདེ་སྒྲོན།