ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

རིམས་ནད་རིང་རང་དགར་ཕྱིར་དོན་པས་མི་2ལ་ཁྲིམས་ལྟར་ཆད་པ་བཅད་འདུག

སྤེལ་དུས 2022-08-17 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
    2022ལོའི་ཟླ་8ཚེས་12ཉིན་གྱི་ཆུ་ཚོད་12ཙམ་ལ། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྤྱི་བདེ་ཅུས་གྲྭ་བཞི་མངགས་གཏོང་ཁང་ལ་སྡེ་ཁུལ་གྱི་རིམས་འགོག་ལས་དོན་མི་སྣའི་རོགས་སྐྱོབ་རེ་ཞུ་ཞིག་འབྱོར་བར། སྡེ་ཁུལ་ཞིག་གི་མང་ཚོགས་གཉིས་ཀྱིས་ཁ་ཏ་བསླབ་བྱར་མ་ཉན་པར་ལྕགས་དྲ་ནས་མཆོངས་ཏེ་རང་དགར་ཕྱིར་དོན་སོང་ཞེས་བཤད། རོགས་སྐྱོབ་རེ་ཞུ་འབྱོར་རྗེས། འཕྲལ་མར་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་གནས་ཚུལ་ཐོན་སར་བསྐྱོད་ཡོད་པ་རེད། བརྟག་དཔྱད་བྱས་ནས་ཤེས་རྟོགས་བྱུང་བར། ཡུས་ཆེ་གེ་མོ་དང་ལི་ཆེ་གེ་མོ་ཕྱིར་དོན་ཟིན་པ་དང་། དེ་རྗེས་གྲྭ་བཞི་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་མི་དེ་གཉིས་གྲྭ་བཞི་མངགས་གཏོང་ཁང་གི་གྱོད་གཞི་སྒྲུབ་གཉེར་རུ་ཁག་ཏུ་ཁྲིད་ནས་འདྲི་རྩད་བྱས་ཤིང་། སློབ་གསོ་དང་སྐྱོན་བརྗོད་བྱས་པ་དང་འབྲེལ།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་དང་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་པའི་ནང་གསེས་དང་པོའི་དོན་ཚན་དང་པོའི་གཏན་འབེབས་ལྟར། ཡུས་ཆེ་གེ་མོ་དང་ལི་ཆེ་གེ་མོ་སོ་སོར་དངུལ་ཆད་སྒོར་200བཅད་པ་རེད། 

    ཉེན་རྟོག་ཕྱོགས་ཀྱིས་དྲན་སྐུལ་བྱས་དོན། 
    སྡེ་ཁུལ་དང་། སྒོ་རྩིས་ཚོང་ཁང་། ཚལ་ཁྲོམ། གསོལ་མགྲོན་ཁང་སོགས་འབྲེལ་ཡོད་ས་ཆ་ནས་ཕར་འགྲོ་ཚུར་འོང་བྱེད་སྐབས། བདེ་ཐང་གི་ཆ་འཕྲིན་ཞིབ་བཤེར་ལ་གཞོགས་འདེགས་གཏན་ནས་མི་བྱེད་པ་དང་ཐོབ་ཐང་ཐོ་འགོད་ཀྱི་གཏན་འབེབས་ལ་གཞོགས་འདེགས་གཏན་ནས་མ་བྱས་ཚེ། 《བདེ་འཇགས་དོ་དམ་དང་ཆད་གཅོད་བཅའ་ཁྲིམས》ལས་འགལ་ཡོད་པས། ཐ་ཚིག་སྒྲོག་པའམ་ཡང་ན་སྒོར་200མན་གྱི་དངུལ་ཆད་གཅོད་རྒྱུ་དང་། ཉེས་པ་ཚབས་ཆེ་རིགས་ཉིན་5ཡན་དང་ཉིན་10མན་བཀག་ཉར་བྱ་རྒྱུ་དང་ཆབས་ཅིག་སྒོར་500མན་གྱི་དངུལ་ཆད་གཅོད་ཆོག་གི་ཡོད། ཕར་འགྲོ་ཚུར་འོང་བྱས་པའི་དབང་གིས་ཏོག་དབྱིབས་ནད་དུག་གསར་པ་མཆེད་པའམ་ཡང་ན་མཆེད་པའི་ཉེན་ཁ་ཚབས་ཆེན་ཡོད་རིགས།《ཉེས་ཁྲིམས》ལས་འགལ་ནས་འགོ་ནད་འགོག་བཅོས་ལ་གནོད་འཚེ་བཟོས་པའི་ནག་ཉེས་གྲུབ་ཡོད། 
    རིམས་ནད་སྔོན་འགོག་དང་ཚོད་འཛིན་ས་ཚིགས་ནས་བརྒྱུད་འགྲོ་མཁན་རླངས་འཁོར་དང་མི་སྣས་རླངས་འཁོར་ཁ་མི་འགོག་པའམ་ཡང་ན་བྱེད་ཐབས་གཞན་ལ་བརྟེན་ནས་ས་ཚིགས་ཀྱི་ལས་དོན་མི་སྣས་ཞིབ་བཤེར་བྱེད་པར་གཞོགས་འདེགས་གཏན་ནས་མ་བྱས་ཚེ། 《བདེ་འཇགས་དོ་དམ་དང་ཆད་གཅོད་བཅའ་ཁྲིམས》ལས་འགལ་བས། ཐ་ཚིག་སྒྲོག་པའམ་ཡང་ན་སྒོར་200མན་གྱི་དངུལ་ཆད་གཅོད་རྒྱུ་དང་། ཉེས་པ་ཚབས་ཆེ་རིགས་ཉིན་5ཡན་དང་ཉིན་10མན་བཀག་ཉར་བྱ་རྒྱུ་དང་ཆབས་ཅིག་སྒོར་500མན་གྱི་དངུལ་ཆད་གཅོད་ཆོག་གི་ཡོད། ཞིབ་བཤེར་དང་ལེན་མ་བྱས་པའི་དབང་གིས་ཏོག་དབྱིབས་ནད་དུག་གསར་པ་མཆེད་པའམ་ཡང་ན་མཆེད་པའི་ཉེན་ཁ་ཚབས་ཆེན་ཡོད་རིགས།《ཉེས་ཁྲིམས》ལས་འགལ་ནས་འགོ་ནད་འགོག་བཅོས་ལ་གནོད་འཚེ་བཟོས་པའི་ནག་ཉེས་གྲུབ་ཡོད། 
རྩོམ་སྒྲིག་པ། བདེ་སྒྲོན།