སྤྱི་ཟླ་8པའི་ཚེས་16ཉིན་གྱི་ཕྱི་དྲོ། གྲ་ནང་རྫོང་སྤྱི་བདེ་ཅུས་ལ་རྫོང་རིམས་འགོག་གཞུང་ལས་ཁང་གིས་རྩིས་སྤྲོད་བྱས་པའི་གྱོད་དོན་ཞིག་འབྱོར་བ་སྟེ། སྡོད་ཁུལ་དེ་གའི་མང་ཚོགས་ཧོའུ་ཆེ་གེ་མོས་རིམས་འགོག་གཞུང་ལས་ཁང་ལ་རང་ཉིད་ཀྱི་གྲོགས་པོ་མཱ་ཆེ་གེ་མོའི་ཉིང་སྐྱུར་ཞིབ་བཤེར་ཚད་ལེན་གྱི་མཇུག་འབྲས་གདགས་གཤིས་ཡིན་པ་དང་། རང་ཉིད་ཀྱང་དེ་སྔ་མཱ་ཆེ་གེ་མོ་དང་མཉམ་དུ་ཉིང་སྐྱུར་ཞིབ་བཤེར་ཚད་ལེན་བྱེད་སྐབས་འབྲེལ་འདྲིས་དམ་ཟབ་བྱས་མྱོང་བས། སེམས་ཁྲལ་ཆེན་པོ་འདུག རིམས་འགོག་གཞུང་ལས་ཁང་གིས་མགྱོགས་མྱུར་ངང་ཐག་གཅོད་གནང་རོགས་ཞེས་རེ་ཞུ་བྱས་ཡོད་པ་རེད། གྲ་ནང་རྫོང་རིམས་འགོག་དོ་དམ་གཞུང་ལས་ཁང་གིས་དོན་དེར་ཚད་མཐོའི་མཐོང་ཆེན་བྱས་ནས་འཕྲལ་དུ་མཱ་ཆེ་གེ་མོའི་ཉིང་སྐྱུར་ཞིབ་བཤེར་ཚད་ལེན་མཇུག་འབྲས་ལ་ཞིབ་བསྡུར་བྱས་པ་དང་དེའི་ཉིང་སྐྱུར་ཞིབ་བཤེར་ཚད་ལེན་ཐེངས་5ཡི་མཇུག་འབྲས་ཚང་མ་སྲིབས་གཤིས་ཡིན་པ་དང་ཁོང་ཉིད་དེ་སྔ་ཉེན་ཁ་ཆེ་འབྲིང་གི་གནས་སྡོད་ཁུལ་དུ་འགྲོ་མྱོང་བའི་ལོ་རྒྱུས་མེད་པ་ཤེས་རྟོགས་ཐུབ་རྗེས་མཱ་ཆེ་གེ་མོས་རང་ཉིད་ཀྱི་ཉིང་སྐྱུར་ཞིབ་བཤེར་ཚད་ལེན་མཇུག་འབྲས་རང་དགར་བཟོ་བཅོས་བརྒྱབ་ཡོད་པའི་དོགས་པ་སྐྱེས།

གྱོད་དོན་སྙན་སེང་འབྱོར་རྗེས་གྲ་ནང་རྫོང་སྤྱི་བདེ་ཅུས་ཀྱིས་གྲ་ནང་རྫོང་རིམས་འགོག་གཞུང་དོན་ཁང་གིས་མཁོ་འདོན་བྱས་པའི་ཁུངས་སྣེ་གཞིར་བཟུང་སྟེ། མི་དམངས་ཉེན་རྟོག་པས་འཕྲལ་མར་བྱ་སྤྱོད་སྤེལ་ནས་ཕྱི་དྲོའི་ཆུ་ཚོད་16དང་སྐར་མ་54ཡི་ཐོག་མཱ་ཆེ་གེ་མོ་འཛིན་བཟུང་བྱས་པ་རེད། འདྲི་གཅོད་བྱས་པ་བརྒྱུད། མཱ་ཆེ་གེ་མོས་རང་ཉེས་ངོས་ལེན་ཞུས་ཡོད། མཱ་ཆེ་གེ་མོས་གསལ་བཤད་བྱས་པ་ལྟར་ན། སྤྱི་ཟླ་8པའི་ཚེས་15ཉིན། མཱ་ཆེ་གེ་མོས་ཁོང་ཉིད་ཀྱི་གྲོགས་པོ་ཧོའུ་ཆེ་གེ་མོ་དང་མཉམ་དུ་གྲ་ནང་རྫོང་ལྟེ་བའི་སྨན་ཁང་དུ་ཉིང་སྐྱུར་ཞིབ་བཤེར་ཚད་ལེན་བྱས་པ་དང་། ཉིན་དེའི་དགོང་མོའི་ཆུ་ཚོད་22དང་སྐར་མ་20ཡི་ཐོག་ཉིང་སྐྱུར་ཞིབ་བཤེར་ཚད་ལེན་མཇུག་འབྲས་སྲིབས་གཤིས་ཡིན་པ་རེད། ཁོས་རང་གི་གྲོགས་པོ་དང་ཀུ་རེ་རྩེད་ཆེད་སྤྱི་ཟླ་8ཚེས་16ཉིན་གྱི་སྔ་དྲོ་རང་ཉིད་ཀྱི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་མཇུག་འབྲས་སྲིབས་གཤིས་ཡིན་པའི་པར་རིས་དེ་ལག་ཐོགས་ཁ་པར་གྱི་མཉེན་ཆས་སྤྱད་དེ་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་མཇུག་འབྲས་གདགས་གཤིས་ཡིན་པར་རྫུན་བཟོ་བྱས་ནས་པར་རིས་དེ་གྲོགས་པོ་ཧུའུ་ཆེ་གེ་མོར་བསྐུར་བ་རེད། ཧོའུ་ཆེ་གེ་མོས་གནས་ཚུལ་དེ་ཤེས་རྗེས་དངངས་སྐྲག་དང་འཇིགས་སྣང་གིས་རང་ཉིད་ལ་ནད་དུག་འགོས་པར་དོགས་ནས་འཕྲལ་མར་རྫོང་རིམས་འགོག་གཞུང་ལས་ཁང་ལ་གནས་ཚུལ་དེ་སྙན་སེང་ཞུས་པ་རེད།
《བདེ་འཇགས་དོ་དམ་གྱི་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ཉེར་ལྔ་པའི་ནང་བསྟན་དོན། གཤམ་གསལ་གྱི་བྱེད་སྤྱོད་འདི་རིགས་ཁྲོད་ཀྱི་བྱེད་སྤྱོད་གང་རུང་ཞིག་སྤེལ་ཚེ། ཉིན་ལྔ་ཡན་ནས་ཉིན་བཅུ་མན་གྱི་བཀག་ཉར་བྱ་རྒྱུ་དང་ཆབས་ཅིག་དངུལ་ཆད་སྒོར་ལྔ་བརྒྱ་མན་གཅོད་རྒྱུ་དང་། ཉེས་ཚབས་ཅུང་ཆུང་བར་ཉིན་ལྔ་མན་བཀག་ཉར་གྱི་ཆད་པ་གཅོད་རྒྱུའམ་ཡང་ན་སྒོར་ལྔ་བརྒྱ་མན་གྱི་དངུལ་ཆད་གཅོད་རྒྱུ་ཡིན་པ་སྟེ།
༼གཅིག༽ དཀྲོག་གཏམ་སྒྲོག་པ་དང་། ཉེན་ཁའི་གནས་ཚུལ་རྫུན་མ་དང་རིམས་ནད་ཐད་ཀྱི་གནས་ཚུལ་རྫུན་མ། ཉེན་ཟོན་གྱི་གནས་ཚུལ་རྫུན་མ་བཅས་གནས་ཚུལ་རྫུན་མ་སྤེལ་བའམ་ཡང་ན་བྱེད་ཐབས་གཞན་དག་ལ་བརྟེན་ནས་སྤྱི་པའི་སྒྲིག་ལམ་ལ་རྐང་བཙུགས་ནས་གཏོར་བཤིག་བཏང་བའི་བྱེད་སྤྱོད་དང་།
༼གཉིས།༽འབར་གས་དང་དུག་སྐྱོན། འགྱེད་འཕྲོ། རུལ་བསླད་བཅས་ཀྱི་རང་བཞིན་ལྡན་པའི་དངོས་རྫས་སམ་ཡང་ན་འགོས་ནད་ཀྱི་ནད་དུག་སོགས་ལ་བརྫུས་པའི་ཉེན་ལྡན་དངོས་རྫས་འཁྱེར་ནས་སྤྱི་པའི་སྒྲིག་ལམ་ལ་གཏོར་བཤིག་བཏང་བའི་བྱེད་སྤྱོད།
༼གསུམ།༽ མེ་རྒྱག་རྒྱུ་དང་འབར་རྫས་དབྱུག་རྒྱུ།ཉེན་ལྡན་དངོས་རྫས་འཕེན་རྒྱུ་སོགས་འུད་སྒྲོག་སྣ་ཚོགས་བཤད་ནས་སྤྱི་པའི་སྒྲིག་ལམ་ལ་གཏོར་བཤིག་བཏང་བའི་བྱེད་སྤྱོད་བཅས་སོ།
ཉེན་རྟོག་ཕྱོགས་ཀྱིས་དྲན་སྐུལ་ཞུ་དོན།
རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་རང་རྟོགས་ངང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་ཞུས་ནས་སྔོན་འགོག་ཚོད་འཛིན་ལས་དོན་ལ་གཞོགས་འདེགས་ཧུར་ཐག་བྱ་དགོས། དཀྲོག་གཏམ་བཤད་པ་དང་རིམས་ནད་ཀྱི་གནས་ཚུལ་རྫུན་མ་བཟོ་བའམ་ཡང་ན་བྱ་ཐབས་གཞན་དག་སྤྱད་དེ་སྤྱི་པའི་སྒྲིག་ལམ་རྐང་བཙུགས་ནས་གཏོར་བཤིག་བཏང་བའི་ཁྲིམས་འགལ་བྱེད་སྤྱོད་ལ་བདེན་མིན་ཞིབ་དཔྱད་བྱས་རྗེས་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་རྡུང་རྡེག་ཚ་ནན་བཏང་ནས་ཉེས་གསོག་གི་ཚད་ལ་སླེབས་ཚེ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ་ཡིན།
རྩོམ་སྒྲིག་པ། བདེ་སྒྲོལ།