ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

མྱུར་བགྲོད་གཞུང་ལམ་སྟེང་རླངས་འཁོར་ཞིག་ཚོད་འཛིན་མ་ཐུབ་པར་་་་་་

སྤེལ་དུས 2022-08-22 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

     མྱུར་བགྲོད་གཞུང་ལམ་སྟེང་དུ་རླངས་འཁོར་ཞིག་ཚོད་འཛིན་མ་ཐུབ་པར་དོན་རྐྱེན་ཐོན་ཏེ་རླངས་འཁོར་ནང་གི་མི་དག་རྨས་སྐྱོན་ཕོག་ནས་རླངས་འཁོར་ནས་དོན་མ་ཐུབ་པར་ལུས་པའི་སྐབས་ལམ་དེ་བརྒྱུད་ནས་འགྲོ་བའི་རླངས་འཁོར་ཆུང་བ་གསུམ་གྱི་ཁ་ལོ་བ་ཚོས་དུས་ཡུན་སྐར་ཆ་60ཡི་མྱུར་སྐྱོར་ལས་ལ་ཞུགས།
     སྤྱི་ཚེས་18ཉིན། ཀྲེ་ཅང་ཉིང་པོ་ཡི་མྱུར་བགྲོད་གཞུང་ལམ་དུ་རླངས་འཁོར་ནག་པོ་ཞིག་གློ་བུར་དུ་ཚོད་འཛིན་མ་ཐུབ་པར་ལྕགས་ར་ལ་བརྡུངས་རྗེས་འཁོར་ལམ་དང་པོར་འཕྲེད་དུ་བསྡད་དེ་ལམ་ངོས་སུ་སྐབས་ཤིག་རིང་ཐལ་རྡུལ་གྱིས་ཁེངས་ཤིང་། རླངས་འཁོར་ནང་དུ་ཡོད་པའི་མི་རྣམས་འཆི་གསོན་གང་ཡིན་མི་ཤེས་པའི་གནས་སུ་གྱར།
     ཅུང་ཙམ་འགོར་རྗེས། མི་སེམས་འགུལ་བའི་རྣམ་པ་ཞིག་མངོན་པ་སྟེ། རླངས་འཁོར་དཀར་པོ་ཆུང་བ་གཉིས་སྔོན་ལ་ཡོང་ཞིང་། རླངས་འཁོར་གཅིག་དོན་རྐྱེན་བྱུང་སའི་མདུན་ཕྱོགས་སུ་བཞག་པ་དང་། གཞན་དེ་མཁོ་བསྟུན་འཁོར་ལམ་ཐོག་ཁ་བཀག་་ནས་བུ་གསུམ་དང་བུ་མོ་གཅིག་བཅས་དོན་རྐྱེན་བྱུང་བའི་རླངས་འཁོར་གྱི་འགྲམ་དུ་བརྒྱུགས་ཏེ་རླངས་འཁོར་ནང་དུ་ཉེན་ཁར་ལུས་ཡོད་པའི་མི་རྣམས་སྐྱོབ་རྩིས་བྱས།
     དོན་རྐྱེན་བྱུང་བའི་རླངས་འཁོར་གྱི་དབྱིབས་ལ་འགྱུར་བ་ཚབས་ཆེན་བྱུང་བས་རོགས་སྐྱོབ་བྱེད་པའི་མང་ཚོགས་ཅི་བྱ་གཏོལ་མེད་དུ་གྱུར་ཅིང་། སླར་ཡང་རླངས་འཁོར་དཀར་པོ་ཞིག་ཡོང་ནས་མདུན་ཕྱོགས་སུ་བསྡད་པ་དང་། མྱུར་བགྲོད་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་རུ་ཆེན་གཉིས་པའི་མི་དམངས་ཉེན་རྟོག་པ་ཡང་ཡུལ་ངོས་སུ་འབྱོར། སྐབས་དེར་དོན་རྐྱེན་བྱུང་ནས་སྐར་མ་གཅིག་ལས་སོང་མེད།
     མི་དམངས་ཉེན་རྟོག་པ་ཡིའུ་ཏིང་རུང་གིས་སྐབས་བསྟུན་ཐག་གཅོད་བྱས་ནས་རླངས་འཁོར་གྱི་ཉེན་ཁ་ཉུང་དུ་བཏང་བ་དང་། རང་ཉིད་ཀྱང་མགྱོགས་མྱུར་ངང་མང་ཚོགས་ཀྱི་འགྲམ་དུ་བརྒྱུགས་ཤིང་། ཕྱོགས་གཅིག་ནས་བཀོད་འདོམས་བྱས་པ་དང་ཕྱོགས་གཅིག་ནས་རོགས་སྐྱོབ་བྱས། ཡིའུ་ཏིང་རུང་གི་བཀོད་འདོམས་འོག་མི་ཚང་མས་མཉམ་དུ་རྨས་མ་རྣམས་བདེ་འཇགས་ངང་མཁོ་བསྟུན་འཁོར་ལམ་ཐོག་སྤོས།
     རླངས་འཁོར་གསུམ་པ་ལས་སྐྱེས་པ་གསུམ་བབས་ཤིང་རོགས་སྐྱོབ་མང་ཚོགས་གཞན་དག་དང་མཉམ་དུ་དོན་རྐྱེན་བྱུང་བའི་རླངས་འཁོར་དེ་མཁོ་བསྟུན་འཁོར་ལམ་དུ་དེད།
     རོགས་སྐྱོབ་མཇུག་སྒྲིལ་རྗེས། སྤྲོ་སེམས་ཆེ་བའི་མང་ཚོགས་བདུན་མགྱོགས་མྱུར་ངང་ས་ཡུལ་དངོས་ནས་ཁ་བྲལ་ཞིང་། དོན་རྐྱེན་ཐོན་པ་ནས་རྒྱུན་གཏན་ལྟར་འགྲོ་སྐྱོད་ཐུབ་པ་བྱུང་བའི་བར་དུ་དུས་ཚོད་སྐར་མ་5ལས་འགོར་མེད་པ་རེད། རོགས་སྐྱོབ་དུས་ཐོག་ཏུ་བྱས་པ་དང་། དོན་རྐྱེན་བྱུང་བའི་རླངས་འཁོར་ནང་གི་མི་སྣའི་རྨས་ཚུལ་གཏན་འཇགས་ཡིན་པས་ཚེ་སྲོག་ལ་ཉེན་ཁ་བྱུང་མེད་པ་རེད། མིག་སྔར་དོན་རྐྱེན་དེ་ད་དུང་གོམ་གང་མདུན་སྤོས་ཀྱིས་བརྟག་དཔྱད་དང་ཐག་གཅོད་བྱེད་བཞིན་ཡོད།
རྩོམ་སྒྲིག་པ། བདེ་སྒྲོན།