ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

ཧྲང་ཧའེ་ཡི་དེ་སྔའི་ཅུས་ཀྲང་འདིར་ཚེ་བཙོན་གྱི་ཁྲིམས་ཐག་བཅད་འདུག

སྤེལ་དུས 2022-09-23 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
      སྤྱི་ལོ་2022ལོའི་ཟླ་9པའི་ཚེས་21ཉིན། ཧོ་པེ་ཞིང་ཆེན་ཐང་ཧྲན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཧྲང་ཧའེ་གྲོང་ཁྱེར་སྲིད་གཞུང་གི་དེ་སྔའི་གྲོང་སྤྱི་གཞོན་པ། གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་དེ་སྔའི་ཅུས་ཀྲང་ཀུང་ཏའོ་ཨན་གྱིས་ལྐོག་རྔན་བླངས་པའི་གྱོད་གཞི་ཡོངས་བསྒྲགས་ཐོག་ཁྲུན་ཐག་བཅད་པ་དང་། ཞུ་སྦྱོར་ཕྱི་མ་ཀུང་ཏའོ་ཨན་གྱིས་ལྐོག་རྔན་བླངས་པའི་ཉེས་པ་བསགས་པས་ཚེ་བཙོན་གྱི་ཉེས་ཆད་བཅད་པ་དང་། ཚེ་གང་གི་ཆབ་སྲིད་དབང་ཆ་འཕྲོག་རྒྱུ་མ་ཟད། མི་སྒེར་གྱི་རྒྱུ་ནོར་ཚང་མ་གཞུང་བཞེས་གཏོང་བ།  ཀུང་ཏའོ་ཨན་གྱིས་ལྐོག་རྔན་བླངས་པའི་ཉེས་བསགས་ཐོབ་ཆ་དང་རིན་འཕར་བྱུང་བ་རྣམས་ཁྲིམས་ལྟར་བདའ་འདེད་བཏང་ནས་རྒྱལ་མཛོད་ནང་འཇུག་རྒྱུའི་ཐག་བཅད་ཡོད།

     ཞིབ་གཅོད་བྱས་ནས་རྩད་ཆོད་མཐའ་གསལ་བྱུང་བར། སྤྱི་ལོ་1999ལོའི་ལོ་སྨད་ནས་སྤྱི་ལོ་2020ལོའི་ཟླ་7པའི་བར། ཞུ་སྦྱོར་ཕྱི་མ་ཀུང་ཏའོ་ཨན་གྱིས་ཧུའུ་པེ་ཞིང་ཆེན་ཅིན་ཀྲོའུ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་། ཧུའུ་པེ་ཞིང་ཆེན་སྤྱི་བདེ་ཐིང་ཉེས་དོན་མྱུལ་ཞིབ་སྤྱི་ཁྱབ་རུ་ཁག་གྱོད་གཞི་ཚབས་ཆེན་མྱུལ་ཞིབ་ཁྲུའུ་ཡི་ཁྲུའུ་ཀྲང་། དཔལ་འབྱོར་ཉེས་གསོག་མྱུལ་ཞིབ་སྤྱི་ཁྱབ་རུ་ཁག་གི་སྤྱི་ཁྱབ་རུ་དཔོན། ཧུའུ་པེ་ཞིང་ཆེན་ཞན་ཉིང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་། སྤྱི་བདེ་པུའི་ལག་རྩལ་མྱུལ་ཞིབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་ཅུས་ཀྲང་། ཧྲང་ཧའེ་གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མི་དང་། གྲོང་སྤྱི་གཞོན་པ། གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་སོགས་གོ་གནས་ཀྱི་སྟབས་བདེ་དང་དེ་བཞིན་རང་ཉིད་ཀྱི་འགན་དབང་དང་གོ་གནས་ལས་གྲུབ་པའི་སྟབས་བདེའི་ཆ་རྐྱེན་བེད་སྤྱད་དེ་འབྲེལ་ཡོད་ཚན་པ་དང་མི་སྒེར་ལ་ཁེ་ལས་གཉེར་སྐྱོང་དང་། ལས་གྲྭ་འགན་ལེན། གྱོད་གཞི་སྒྲུབ་གཉེར། གོ་གནས་སྤར་བ་སོགས་ཀྱི་ཐད་རོགས་རམ་བྱས་པ་དང་ཁྲིམས་འགལ་ངང་འབྲེལ་ཡོད་མི་སྣའི་ས་ནས་རྒྱུ་ནོར་ཁྱོན་བསྡོམས་མི་དམངས་ཤོག་སྒོར་ཁྲི་7343ལྷག་བླངས་ཡོད་པ་རེད།

     ཐང་ཧྲན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མ་ཀུང་ཏའོ་ཨན་གྱི་བྱ་སྤྱོད་ཀྱིས་ལྐོག་རྔན་བླངས་པའི་ཉེས་པ་བསགས་པའི་ངོས་འཛིན་བྱས་པ་དང་། ཀུང་ཏའོ་ཨན་གྱིས་ལྐོག་རྔན་བླངས་པའི་གྲངས་འབོར་ཧ་ཅང་ཆེ་ཞིང་མི་གཞན་ལ་གོ་གནས་སྤོར་རོགས་བྱས་པ་དང་། འགན་དབང་སྤྱད་དེ་གྱོད་གཞི་སྒྲུབ་གཉེར་བྱས་པར་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་དགོས་པའི་ངོས་འཛིན་བྱས་ཡོད་ལ། ཀུང་ཏའོ་ཨན་གྱིས་གྱོད་གཞི་ཐོན་རྗེས་རང་ཉེས་ཇི་མ་ཇི་བཞིན་ངོས་ལེན་ཞུས་ཏེ། རང་འགུལ་ངང་གྱོད་སྒྲུབ་ལས་ཁུངས་ཀྱིས་མ་ཤེས་པའི་ལྐོག་རྔན་བླངས་པའི་ནག་ཉེས་སྐོར་གྱི་དོན་དངོས་འགའ་གོང་ཞུ་བྱས་ཤིང་། ནག་ཉེས་ངོས་ལེན་དང་འགྱོད་བཤགས་བྱས་པ། བཙོག་དངུལ་དང་རྒྱུ་ནོར་ཚང་མ་གཞུང་བཞེས་བཏང་བ། ཁྲིམས་ལྟར་ཆད་པ་ཡང་པོ་བཅད་ཆོག་པས་ཁྲིམས་ཁང་གིས་གོང་གི་ཁྲིམས་ཐག་བཅད་ཡོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།