ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

ཚ་བོས་རྨོ་བོ་ལགས་ཀྱི་ཁ་པར་སྤྱད་ནས་སྒོར་ཁྲི་ལྷག་་་

སྤེལ་དུས 2022-11-18 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
     ཉེ་ཆར་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་སྤྱི་བདེ་ཅུས་ཀྱི་ཅའོ་ཝུའུ་ཁྲང་མངགས་གཏོང་ཁང་ལ་མང་ཚོགས་ཀྱི་རོགས་སྐྱོར་རེ་ཞུ་ཞིག་འབྱོར་ཏེ། ངའི་ཚ་བོས་རང་དགར་ངའི་ལག་ཐོགས་ཁ་པར་ནང་གི་རྒན་གསོའི་ལས་འཁྱུར་དངུལ་སྒོར་ཁྲི་གཅིག་ལྷག་ཙམ་རོལ་རྩེད་མཉེན་ཆས་ནང་བླུགས་འདུག མི་དམངས་ཉེན་རྟོག་པ་རྣམ་པས་རོགས་རམ་བྱེད་རོགས་ཞེས་རེ་བ་ཞུས་ཡོད་པ་རེད།

    མི་དམངས་ཉེན་རྟོག་པས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་དུས་གྱོད་དོན་སྙན་སེང་ཞུ་མཁན་གྱི་ཚ་བོས་ནམ་རྒྱུན་ལག་ཐོགས་ཁ་པར་སྤྱད་ནས་རོལ་རྩེད་སྟེགས་བུ་མང་པོའི་ཐོག་ནས་རོལ་རྩེད་མཉེན་ཆས་མང་པོ་ཕབ་ལེན་བྱེད་ཀྱི་ཡོད་པ་དང་། རོལ་རྩེད་མི་སྣའི་ཕྱི་ཚུལ་དེ་བས་རྫིག་ཉམས་དོད་པོ་ཡོང་ཆེད་རྟག་ཏུ་རྨོ་བོའི་ལག་ཐོགས་ཁ་པར་ལྐོག་ནས་སྤྱད་དེ་རོལ་རྩེད་ལ་དངུལ་སྤྲད་པ་དང་ཁྱོན་དངུལ་གྲངས་སྒོར་ཁྲི་གཅིག་ལྷག་ཙམ་ཟིན་ཡོད་པ་རེད།
     རྒན་རྒོན་གྱི་དཀའ་ངལ་དང་སེམས་ཁྲལ་གང་མགྱོགས་སེལ་ཆེད་མི་དམངས་ཉེན་རྟོག་པས་འཕྲལ་མར་རོལ་རྩེད་ལས་སྟེགས་དང་འབྲེལ་བ་བྱས་ཡོད། ཉིན་མང་པོ་འབྲེལ་གཏུག་མཐུན་སྦྱོར་བྱས་པ་བརྒྱུད་རོལ་རྩེད་ལས་སྟེགས་ཀྱིས་ཞིབ་བཤེར་ཐུབ་པའི་དངུལ་འཇོག་ཟིན་ཐོའི་དངུལ་གྲངས་ཏེ་སྒོར་12000ལྷག་ཙམ་ཕྱིར་སློག་ཡོད་པ་རེད།
     ན་སོ་དར་ལ་མ་བབས་པའི་མིའི་རིན་ཐང་ལྟ་བ་དང་འཛད་སྤྱོད་ལྟ་བ་ད་དུང་ཆ་ཚང་བ་ཞིག་ཆགས་མེད་པས། དྲ་རྒྱའི་ཐད་གཏོང་དང་རོལ་རྩེད་ལ་སེམས་ཆགས་སླ་བ་མ་ཟད་རང་གཅུན་མ་ཐུབ་ནས་འཛད་སྤྱོད་བྱེད་པ་དང་ཁ་བསླུས་རྒྱག་སླ་པོ་ཡོད་པ་རེད། དེ་བས་ཁྱིམ་བདག་རྣམ་པས་རྒྱུན་ལྡན་གྱི་སློབ་གསོའི་ཁྲོད་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་ཕྲུ་གུ་དྲ་བར་ཞུགས་རྒྱུར་ཁྲིད་སྟོན་ཡང་དག་བྱེད་དགོས་པ་དང་འབྲེལ། མི་སྒེར་གྱི་དངུལ་ཁང་གི་རྩིས་ཁྲ་དང་དྲ་རྒྱའི་གཏོང་སྤྲོད་སྟེགས་བུ། དེ་བཞིན་གཏོང་སྤྲོད་གསང་ཨང་སོགས་ལ་དོ་དམ་འོས་འཚམ་བྱེད་དགོས།
རྩོམ་སྒྲིག་པ། བདེ་སྒྲོན།