ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

བོད་ལྗོངས་ཉེན་རྟོག་གིས་ཆང་བཏུངས་རྗེས་རླངས་འཁོར་བཏང་བའི་དཔེ་མཚོན་གྱོད་གཞི་ཞིག་ཐེར་འདོན་བྱས་འདུག

སྤེལ་དུས 2022-11-22 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
     རླངས་འཁོར་གཏོང་དུས་ཆང་མི་འཐུང་བ་དང་ཆང་བཏུངས་རྗེས་རླངས་འཁོར་མི་གཏོང་བ་ནི་འབོད་ཚིག་ཙམ་མ་ཡིན་པར། དེ་བས་ཀྱང་དངོས་གནས་ལག་ལེན་དུ་བསྟར་དགོས། ཆང་བཏུངས་རྗེས་ད་དུང་རླངས་འཁོར་གཏོང་བ་ནི་རང་ཉིད་ཀྱི་ཚེ་སྲོག་སྣང་མེད་དུ་བཞག་པ་ཙམ་མ་ཟད། དེ་བས་ཀྱང་བཅའ་ཁྲིམས་ཀྱི་མ་མཐའི་མཚམས་ཐིག་ལ་འགྲན་སློང་བྱས་པ་རེད།
     ཆང་བཏུངས་རྗེས་རླངས་འཁོར་བཏང་བ་དང་ར་བཟི་ནས་རླངས་འཁོར་བཏང་བ་ལས་བྱུང་བའི་འགྲིམ་འགྲུལ་དོན་རྐྱེན་སྔོན་འགོག་དང་ཉུང་དུ་གཏོང་ཆེད་དང་། འཕྲུལ་སྒུལ་འཁོར་ལོའི་ཁ་ལོ་བའི་བཅའ་ཁྲིམས་འདུ་ཤེས་དང་འགྲིམ་འགྲུལ་བདེ་འཇགས་འདུ་ཤེས་མཐོར་འདེགས་གཏོང་ཆེད། སྟེས་དབང་གི་བསམ་བློ་གཏན་འགོག་དང་ཆང་བཏུངས་རྗེས་རླངས་འཁོར་གཏོང་རྒྱུ་དང་ལེན་མི་བྱེད་པར། ཚེ་སྲོག་ལ་གཅེས་སྐྱོང་བྱེད་དགོས། ཉེ་ཆར་གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་ཆང་བཏུངས་རྗེས་འཕྲུལ་སྒུལ་འཁོར་ལོ་བཏང་ནས་འགྲིམ་འགྲུལ་དོན་རྐྱེན་བཟོས་པའི་དཔེ་མཚོན་གྱོད་གཞི་ཞིག་ཡོངས་བསྒྲགས་བྱས་འདུག རྒྱ་ཆེའི་འགྲིམ་འགྲུལ་ཐེ་ཞུགས་མཁན་གྱིས་ཆང་བཏུངས་རྗེས་རླངས་འཁོར་གཏོང་བའི་ཚབས་ཆེན་རང་བཞིན་དང་ཉེན་གནོད་རང་བཞིན་གསལ་པོར་ངེས་པར་བྱས་ནས། ཁྲིམས་ལྟར་བདེ་འཇགས་ངང་རླངས་འཁོར་གཏོང་བ་དང་ཡ་རབས་ཚུལ་ལྡན་གྱིས་ཕྱི་རུ་བསྐྱོད་དེ། རྒྱ་ཆེའི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱེད་དགོས།

     ཚེ་སྲོག་ལ་གཅེས་སྐྱོང་བྱས་ནས་ཆང་བཏུངས་རྗེས་རླངས་འཁོར་གཏོང་བའི་སྤྱོད་པ་སྤོང་དགོས།
     སྤྱི་ལོ་2022ལོའི་ཟླ་11ཚེས་16ཉིན་གྱི་ཆུ་ཚོད་22དང་སྐར་མ་16ཙམ་གྱི་ཐོག ཁ་ལོ་བ་ལི་ཆེ་གེ་མོས་ར་བཟི་རྗེས་རླངས་འཁོར་ཆུང་གྲས་ཤིག་བཏང་ནས། གཞིས་རྩེ་གྲོང་ཁྱེར་བསམ་འགྲུབ་རྩེ་ཆུས་ཧེ་ལུང་ཅང་ལམ་བརྒྱུད་ནས་ལྷོ་བྱང་ཕྱོགས་སུ་བསྐྱོད་དེ། ཆིན་ཏའོ་ལམ་དང་ཧེ་ལུང་ཅང་ལམ་གྱི་གསུམ་མདོ་ཞིག་ཏུ་སླེབས་སྐབས། ཁ་གཏད་ལམ་ཐིག་སྟེང་གི་འགྲིམ་འགྲུལ་གློག་བརྡ་གློག་སྒུག་བཞིན་པའི་རླངས་འཁོར་ཆུང་གྲས་ཤིག་ལ་རྡུང་ཁ་བརྒྱབ་པ་དང་། རླངས་འཁོར་གཉིས་ལ་ཆག་སྐྱོན་དང་དོ་བདག་ལི་ཆེ་གེ་མོར་རྨས་སྐྱོན་ཕོག་པའི་འགྲིམ་འགྲུལ་དོན་རྐྱེན་བཟོས་ཡོད་པ་རེད།

     ལི་ཆེ་མོར་འཕྲུལ་སྒུལ་འཁོར་ལོའི་ཁ་ལོ་བའི་ལག་འཁྱེར་རྩིས་མེད་དུ་གཏོང་བ་དང་། ལོ་ལྔའི་ནང་ཡང་བསྐྱར་འཕྲུལ་སྒུལ་འཁོར་ལོའི་ཁ་ལོ་བའི་ལག་འཁྱེར་ལེན་མི་ཆོག་པའི་ཆད་པ་ཕོག་སྲིད་པ་དང་། ད་དུང་ཉེས་དོན་འགན་འཁྲི་བདའ་འདེད་བྱས་ནས། བཙན་ཉར་ལས་སྐུལ་གྱི་ཆད་པ་གཅོད་རྒྱུ་མ་ཟད་དངུལ་ཆད་གཅོད་སྲིད།

     མིག་སྔར། གྱོད་གཞི་དེ་མུ་མཐུད་དུ་སྒྲུབ་བཞིན་ཡོད།
     རིམས་ནད་ཀྱི་སྐབས་འདིར་རྙོག་དྲ་གཞན་མ་བཟོ་རོགས། ཆང་བཏུངས་རྗེས་དང་ར་བཟི་རྗེས་རླངས་འཁོར་གཏོང་བའི་སྟེས་དབང་གི་བསམ་ཚུལ་ཡོད་མི་རུང་། རིམས་ནད་ཐོན་རུང་འགྲིམ་འགྲུལ་ཉེན་རྟོག་པས་ངལ་གསོ་གཏན་ནས་བྱེད་མི་སྲིད། རང་ཉིད་དང་མི་གཞན་གྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཆེད་དུ། ཚེ་སྲོག་ལ་གཅེས་སྐྱོང་བྱས་ནས་ཆང་བཏུངས་རྗེས་རླངས་འཁོར་མ་གཏོང་རོགས།
རྩོམ་སྒྲིག་པ། བདེ་སྒྲོན།