ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

ལྷ་སར་ཉིང་སྐྱུར་བརྟག་དཔྱད་མི་བྱེད་མཁན་ལ་ཆད་པ་བཅད་འདུག

སྤེལ་དུས 2022-11-28 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
  མིག་སྔར་ལྷ་ས་གྲོང་ཁྱེར་གྱིས་ཁྱོན་ཡོངས་ནས་ལས་ཐོན་བསྐྱར་ཚུགས་དང་ཚོང་ཁྲོམ་སླར་གསོ་བྱེད་བཞིན་ཡོད་ཅིང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་རིམ་གྱིས་རྒྱུན་རྣམ་ཅན་གྱི་དུས་རིམ་ཕྱོགས་སུ་འགྱུར་བཞིན་ཡོད། ཡིན་ནའང་བཀག་སྡོམ་གྲོལ་བ་ནི་འགོག་སྲུང་གྲོལ་བ་མ་ཡིན་པར། མི་རེ་ངོ་རེ་ཚང་མས་རང་ཉིད་ཀྱི་འགོག་སྲུང་ལེགས་པར་བསྒྲུབས་ནས། དུས་དང་རྣམ་པ་ཀུན་ཏུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་རྒྱུད་སྐུད་ལྷོད་མི་རུང་། རིམས་ནད་དོ་དམ་ཚོད་འཛིན་བྱེད་རིང་ཉིང་སྐྱུར་བརྟག་དཔྱད་ལས་གཡོལ་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ཤུགས་རྐྱེན་བཟོ་བ་སྟེ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནད་ཡམས་འགོག་བཅོས་བཅའ་ཁྲིམས།》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་སྲུང་དོ་དམ་ཆད་གཅོད་བཅའ་ཁྲིམས།》ཀྱི་འབྲེལ་ཡོད་གཏན་འབེབས་ལས་འགལ་བའི་བྱ་སྤྱོད་དེ་རིགས་ལ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་མཐའ་གཅིག་ཏུ་ཁྲིམས་ལྟར་རྡུང་རྡེག་ནན་མོ་གཏོང་རྒྱུ་དང་། ངན་ལང་དང་རྒྱ་ཡན་དུ་གཏན་ནས་མི་གཏོང་བར། ནུས་ཤུགས་ཡོད་རྒུས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་འགན་སྲུང་བྱ་རྒྱུ་ཡིན་པ་རེད།

  གྱོད་དཔེ་དང་པོ།
  བར་སྐོར་གནའ་གྲོང་སྤྱི་བདེ་ཅུས་རྗེ་འབུམ་སྒང་མངགས་གཏོང་ཁང་ལ་སྐྱིད་རས་གཞིས་ཁུལ་ཉེན་རྟོག་ལས་དོན་ཁང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གཏན་འབེབས་ལས་འགལ་བའི་གྱོད་གཞི་ཞིག་རྩིས་སྤྲོད་བྱས་པ་དང་། བརྟག་དཔྱད་བྱས་པ་བརྒྱུད། མགོན་ཆེ་གེ་མོས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་བསྟུད་མར་ཉིན་ཁ་ཤས་ལ་ཉིང་སྐྱུར་བརྟག་དཔྱད་ལས་གཡོལ་ནས། རིམས་ནད་དོ་དམ་སྒྲིག་སྲོལ་ལ་གནོད་རྐྱེན་བཟོས་པ་དང་། བར་སྐོར་གནའ་གྲོང་སྤྱི་བདེ་ཅུས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་སྲུང་དོ་དམ་ཆད་གཅོད་བཅའ་ཁྲིམས།》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས། མགོན་ཆེ་གེ་མོར་སྲིད་འཛིན་བཀག་ཉར་གྱི་ཆད་པ་གཅོད་རྒྱུའི་ཐག་བཅད་པ་རེད།

  གྱོད་དཔེ་གཉིས་པ།
  མི་དམངས་ཉེན་རྟོག་པས་ལས་ཀའི་ཁྲོད་ནས་ཤེས་རྟོགས་བྱུང་བར། སྐལ་ཆེ་གེ་མོ་དང་ལི་ཆེ་གེ་མོས་རིམས་ནད་དོ་དམ་ཚོད་འཛིན་བྱེད་རིང་། བསྟུད་མར་ཉིན་ཁ་ཤས་ལ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་ལྟར་ཉིང་སྐྱུར་བརྟག་དཔྱད་བྱས་མེད་པ་དང་། ཁྲེན་ཀོན་ཆུས་སྤྱི་བདེ་ཡན་ལག་ཅུས་ཀྱིས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་སྲུང་དོ་དམ་ཆད་གཅོད་བཅའ་ཁྲིམས།》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས། སྐལ་ཆེ་གེ་མོ་དང་ལི་ཆེ་གེ་མོ་སོ་སོར་སྲིད་འཛིན་བཀག་ཉར་བྱས་པ་རེད།
  གྱོད་དཔེ་གསུམ་པ།
  མི་དམངས་ཉེན་རྟོག་པས་ལས་ཀའི་ཁྲོད་ནས་ཤེས་རྟོགས་བྱུང་བར། གཡུ་ཆེ་གེ་མོ་དང་ཕུའུ་ཆེ་གེ་མོ། ཀྲང་ཆེ་གེ་མོ་བཅས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་ལྟར་ཉིང་སྐྱུར་བརྟག་དཔྱད་བྱས་མེད་པ་དང་། ཁྲེན་ཀོན་ཆུས་སྤྱི་བདེ་ཡན་ལག་ཅུས་ཀྱིས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་སྲུང་དོ་དམ་ཆད་གཅོད་བཅའ་ཁྲིམས།》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས། གཡུ་ཆེ་གེ་མོ་དང་ཕུའུ་ཆེ་གེ་མོ། ཀྲང་ཆེ་གེ་མོ་བཅས་སོ་སོར་དངུལ་ཆད་བཅད་པ་རེད།
  ཤེས་རྟོགས་བྱུང་བར། ཉེ་ཆར། ཁྲེན་ཀོན་ཆུས་སྤྱི་བདེ་ཡན་ལག་ཅུས་ཀྱིས་ཁྱོན་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་བླང་བྱ་ལྟར་ཉིང་སྐྱུར་བརྟག་དཔྱད་མ་བྱས་པའི་གྱོད་གཞི་13ཞིབ་གཅོད་བྱས་པ་དང་། གྱོད་འབྲེལ་མི་15ཡོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།