ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

ཁ་བསླུས་རྒྱག་སྟངས་གསར་པ་འདིར་ཚང་མས་ཡིད་གཟབ་གནང་རོགས།

སྤེལ་དུས 2022-11-28 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          གྲངས་འཛིན་ལག་རྩལ་འཕེལ་རྒྱས་ཕྱིན་ལ་བེད་སྤྱོད་བཏང་བ་དང་བསྟུན་ནས་ཚང་མའི་ལས་སྒོ་གཉེར་བ་དང་ཞབས་ཞུ་ལོངས་སྤྱོད་བྱེད་པར་དེ་བས་སྟབས་བདེ་དང་ཕན་འབྲས་ཆེ་རུ་ཕྱིན་པ་མ་ཟད།  དངོས་སུ་འགྲོ་མི་དགོས་པར་ཁ་པར་བརྒྱུད་ལས་དོན་མང་པོ་ཞིག་ཀྱང་གཉེར་ཐུབ་ཀྱི་ཡོད།  འོན་ཀྱང་ཁ་བསླུས་རྒྱག་མཁན་ཚོས“གོ་སྐབས”དེ་དང་བསྟུན་ནས་མགོ་སྐོར་གཏོང་ཐབས་སྣ་ཚོགས་འཚོལ་གྱི་ཡོད།
          ཨང་རྟགས་བཤེར་ནས་ཆ་འཕྲིན་སྐོང་ཚེ་ཐད་ཀར་ཁ་གསབ་ལེན་ཐུབ་པ་དང་།  སྤྱི་ཚོགས་འགན་བཅོལ་གཱ་ལ་རྒྱུན་གཏན་མིན་པའི་སྣང་ཚུལ་ཐོན་ཚེ་དྲ་ཐོག་ནས་མྱུར་དུ་ཐག་གཅོད་བྱེད་ཐུབ་ཅེས་པ་སོགས་ཀྱི་ཁ་བསླུས་རྒྱག་ཐབས་སྣ་ཚོགས་ཡོད་པས་ངེས་པར་དུ་དོགས་ཟོན་ཆེན་པོ་བྱེད་དགོས། གལ་ཏེ་ཁྱེད་ལ་ཨང་རྟགས་བཤེར་ཚེ་རང་འགུལ་ངང་ཁ་གསབ་ལེན་ཐུབ་ཅེས་པའི་ཆ་འཕྲིན་འབྱོར་ཚེ་དེ་དག་ནི་ཁ་བསླུས་རྒྱག་མཁན་གྱི་གཡོ་ཐབས་ཡིན་པས་ངེས་པར་དུ་ཡིད་གཟབ་བྱེད་དགོས།
          ཉེ་ཆར།  ཁྱེད་ལ་སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ་དང་མི་སྒེར་གྱི་ངལ་རྩོལ་ཁ་གསབ་སོགས་ཀྱི་ནང་དོན་ཡོད་པའི་སྦྲག་ཡིག་འབྱོར་བྱུང་ངམ། མ་གཞི་དངུལ་ལེན་རྒྱུ་ཡོད་པ་ནི་བྱ་བ་བཟང་པོ་ཞིག་ཡིན་མོད། འོན་ཀྱང་ང་ཚོས་ངེས་པར་དུ་དོགས་ཟོན་ཆེན་པོ་བྱེད་པ་ལས་སྣང་མེད་གཏན་ནས་བྱེད་མི་རུང་། གནམ་ནས་ཤ་བག་ལེབ་ཟགས་མི་སྲིད་པས་དེ་ནི་ངན་པའི་གཡོ་ཇུས་ཤིག་ཡིན་པའི་ཉེན་ཁ་ཆེན་པོ་ཡོད།  ཁ་བསླུས་རྒྱག་མཁན་འགའ་ཞིག་གིས་ཀུང་སིའི་མི་དོན་ཚན་པའི་ལས་མི་ཡིན་ཁུལ་གྱིས་ལས་བཟོ་བར་ཁ་གསབ་ལེན་རྒྱུའི་སྦྲག་ཡིག་བསྐུར་བ་མ་ཟད། ད་དུང་རྩ་གཉིས་ཨང་རྟགས་ཀྱང་ཟུར་དུ་བཀོད་ནས་ཚང་མར་དྲ་ཐོག་ནས་རང་འགུལ་ངང་གཉེར་དགོས་ལུགས་བརྗོད་ཀྱི་ཡོད།

          ད་དུང་ཁ་བསླུས་རྒྱག་མཁན་ཁ་ཤས་ཀྱིས་ངོ་མ་ལྟར་དུ་བརྫུས་ཆེད། ཐ་ན་མི་སྤྱི་པུའི་དྲ་ཚུགས་རྫུན་མ་བཟོས་པའི་ཁར་དེའི་ཐོག་ལས་སྒོ་གཉེར་ཡུལ་སྣ་ཚོགས་བཟོས་ཏེ་ཚང་མར་དེའི་ནང་འཛུལ་ནས་མི་སྒེར་གྱི་ཆ་འཕྲིན་སྐོང་དུ་འཇུག་གི་ཡོད།
          བརྒྱུད་རིམ་ཧྲིལ་པོ་ཕར་ལྟ་དུས“ཚད་ལྡན”ལྟ་བུར་སྣང་ཡང་དོན་དངོས་ཐོག་དེ་ནི་ཁ་བསླུས་རྒྱག་མཁན་གྱི་གཡོ་ཐབས་ཤིག་རང་རེད།  གལ་ཏེ་དེའི་ནང་ཆ་འཕྲིན་སྐོང་ཚེ་ཁ་གསབ་དངུལ་ལེན་ཐུབ་རྒྱུ་ལྟ་ཅི་རང་ཉིད་ཀྱི་གཱ་ནང་ཡོད་པའི་དངུལ་ཚང་མ་འདོན་སྲིད་པས། ཁྱེད་ལ“སྤྱི་ཚོགས་འགན་བཅོལ་རྒྱུན་གཏན་མིན་པའི་སྣང་ཚུལ་ཐོན་ཚེ་དྲ་ཚུགས་འདིའི་ནང་འཛུལ་ན་མྱུར་དུ་གཉེར་ཐུབ”ཅེས་པའི་ཆ་འཕྲིན་འབྱོར་ཚེ་དེ་ནི་ཁ་བསླུས་རྒྱག་མཁན་གྱི་གཡོ་ཐབས་ཡིན་པས་ཡིད་ཆེས་གཏན་ནས་བྱེད་མི་རུང་བའི་དྲན་སྐུལ་ཞུ་བ་ཡིན། 

          ཉེ་དུས་ཁྱེད་ལ་སྤྱི་ཚོགས་འགན་བཅོལ་ཐད་རྒྱུན་གཏན་མིན་པའི་དྲན་སྐུལ་གྱི་འཕྲིན་ཐུང་འབྱོར་མྱོང་ངམ།  ཁ་བསླུས་རྒྱག་མཁན་གྱིས་སྤྱི་ཚོགས་འགན་བཅོལ་སྡེ་ཚན་གྱི་མིང་ཐོག་ནས་ཁྱེད་ལ་ནང་དོན་དུ“ཁྱེད་ཀྱི་སྤྱི་ཚོགས་འགན་བཅོལ་ཐད་རྒྱུན་གཏན་མིན་པའི་སྣང་ཚུལ་ཐོན་འདུག་པས། རྒྱུན་གཏན་ལྟར་སྤྱོད་ཐུབ་ཆེད་འཕྲིན་ཐུང་འབྱོར་མ་ཐག་འཕྲལ་མརxxདྲ་ཚུགས་སུ་འཛུལ་ནས་ཐོ་འགོད་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་བྱེད་དགོས”ཞེས་པའི་འཕྲིན་ཐུང་བསྐུར་ནས་དྲན་སྐུལ་བྱེད་ཀྱི་ཡོད། གལ་ཏེ་ཁྱེད་ཀྱིས་དྲན་སྐུལ་ལྟར་ཆ་འཕྲིན་སྐོང་ཚེ་དངུལ་དག་ཁ་བསླུས་ཐེབས་ངེས་རེད། 
          དོ་སྣང་བྱེད་དགོས་པ་ཞིག་ལ།  མི་སྤྱི་སྡེ་ཚན་གྱིས་བསྐུར་བའི་འཕྲིན་ཐུང་ནང་ཡོང་ཁུངས་གསལ་པོ་མེད་པའི་དྲ་ཚུགས་གང་ཡང་སྣོན་དུ་འཇུག་མི་སྲིད་ལ། མི་སྒེར་གྱི་ཆ་འཕྲིན་དང་དངུལ་ཁང་གི་རྩིས་ཁྲ་སོགས་དང་འབྲེལ་བ་ཡོད་པའི་གསང་བའི་ཆ་འཕྲིན་གང་ཡང་སྣོན་མི་དགོས། འོ་ན་ཁ་བསླུས་རྒྱག་མཁན་གྱི་ཆ་འཕྲིན་འབྱོར་ཚེ་གང་འདྲ་བྱེད་དགོས་སམ། གལ་ཏེ་ཆ་འཕྲིན་དེ་རིགས་འབྱོར་ཚེ་ངེས་པར་དུ་དོགས་ཟོན་ཆེར་སྐྱེད་ཀྱིས“གཏན་ནས་མི་རུང་བ་གསུམ”བློ་ལ་ངེས་དགོས་པ་སྟེ། ཡོང་ཁུངས་གསལ་པོ་མེད་པའི་རྩ་གཉིས་ཨང་རྟགས་གཏན་ནས་བཤེར་མི་རུང་བ་དང་། རྒྱུས་མེད་ཀྱི་དྲ་ཚུགས་ནང་གཏན་ནས་འཛུལ་མི་རུང་བ། མི་སྒེར་གྱི་དངུལ་ཁང་གི་རྩིས་ཨང་ཆ་འཕྲིན་དང་ཐོབ་ཐང་ཆ་འཕྲིན་གཏན་ནས་ཤོད་མི་རུང་བ་བཅས་རེད། གལ་ཏེ་སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ་ལེན་པ་དང་སྤྱི་ཚོགས་འགན་བཅོལ་ཐད་རྒྱུན་གཏན་མིན་པ་སོགས་ཀྱི་སྣང་ཚུལ་ཐོན་ཚེ་ཁྱེད་ཀྱིས་ས་གནས་དེ་གའི་སྤྱི་ཚོགས་འགན་བཅོལ་སྒྲུབ་གཉེར་ཚན་པར་ཡིན་མིན་གཏན་འཁེལ་བྱེད་པའམ་ཡང་ན12333ཐད་སྦྲེལ་ཁ་པར་བརྒྱབ་སྟེ་བློ་འདྲི་བྱེད་ཆོག གནད་དོན་འདི་རིགས་འཕྲད་སྐབས་ཁ་བསླུས་ཐེབས་རྒྱུར་དོགས་ཟོན་གནང་རོགས།
རྩོམ་སྒྲིག་པ། བདེ་སྒྲོན།