ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

གཟོབས། བོད་ལྗོངས་སུ་མི་མང་པོར་ཁ་བསླུས་འདི་འདྲ་ཐེབས་འདུག

སྤེལ་དུས 2022-12-27 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
  མང་ཚོགས་ཚོས་ལས་རིགས་ཁ་ཤས་ལ་ཡིད་ཆེས་བྱེད་པ་དང་བསྟུན་ནས། ཁྲིམས་འགལ་བས་དྲག་ཆས་ཉེན་རྟོག་པ་སོགས་ལ་བརྫུས་ཏེ། དམག་མཁོའི་མཁོ་ཆས་འབོར་ཆེན་ཉོ་སྒྲུབ་བྱེད་དགོས་ལུགས་བརྗོད་པ་དང་། ཚོང་པས་ཟོང་རིན་སྔོན་ལ་སྤྲོད་པའམ་ཡང་ན་རང་གིས་གཏན་ཁེལ་བྱས་པའི་ཚོང་པའི་ལག་ནས་ཉོ་དགོས་ལུགས་བརྗོད་ནས་ཁ་བསླུས་རྒྱག་གི་ཡོད། ཉེ་ཆར། བོད་རང་སྐྱོང་ལྗོངས་ཁ་བསླུས་ངོ་རྒོལ་ལྟེ་གནས་ནས་ཤེས་རྟོགས་བྱུང་བར། ཟླ11པའི་ཟླ་སྨད་དུ་བོད་ལྗོངས་སུ་དམག་མི་དང་ཉེན་རྟོག་པར་བརྫུས་ནས་དངོས་ཟོག་ཉོ་སྒྲུབ་བྱེད་པའི་རིགས་ཀྱི་ཁ་བསླུས་ཁྱོན10བྱུང་བ་དང་གྱོད་འབྲེལ་མ་དངུལ་སྒོར་ཁྲི100ལྷག་ཙམ་ཟིན་ཡོད་འདུག
  གྱོད་དཔེ་དང་པོ།
  ཟླ11ཚེས19ཉིན། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་སྤྱི་བདེ་ཅུས་ལ་གྲོང་མི་ཝང་ཅེ(མིང་ཚབ)ཡི་གྱོད་དོན་སྙན་སེང་ཞིག་འབྱོར། དེ་ཡང་ཟླ11ཚེས12ཉིན་གྱི་ཆུ་ཚོད16ཙམ་ལ་ཝང་ཅེ་ལ་ཁ་པར་རྒྱུས་མེད་ཅིག་འབྱོར་བ་དང་། ཕ་རོལ་པོས་རང་ཉིད་ནི་དྲག་ཆས་ཉེན་རྟོག་དཔུང་སྡེའི་ཉོ་སྒྲུབ་པ་ཡིན་ལུགས་བརྗོད་པར་མ་ཟད། ཉིན་གསུམ་ལ་འདང་བའི་ཅའོ་ཙེ་ཉོ་དགོས་པས་སྐད་འཕྲིན་སྣོན་རོགས་ཞེས་བརྗོད་པ་དང་། ཟླ11ཚེས13ཉིན་ཕ་རོལ་པོས་ཡང་བསྐྱར་ཝང་ཅེ་དང་འབྲེལ་གཏུག་བྱས་ཏེ་ཅའོ་ཙེ་གྲ་སྒྲིག་བྱེད་དགོས་པའི་རེ་བ་བཏོན་པར་མ་ཟད། ཉོ་སྒྲུབ་རྩིས་ཐོ་ཞིག་ཀྱང་བསྐུར་ནས་དམིགས་འཛུགས་སྤུས་རྟགས་ཀྱི་གཏེར་ཆུ་དང་དྲོད་རང་སྐྱེས་ཀྱི་འབྲས་ཉོ་རོགས་ཅེས་བརྗོད། ཝང་ཅེ་ཡིས་ཆབ་མདོ་རུ་དམིགས་འཛུགས་སྤུས་རྟགས་ཀྱི་དངོས་ཟོག་མ་རྙེད་པས་ཕ་རོལ་པོས་བསྐུར་བའི་སྡེབ་ཚོང་མཁན་གྱི་སྐད་འཕྲིན་ནང་འཇུག་བྱས། སྡེབ་ཚོང་མཁན་གྱིས་དངོས་ཟོག་མངག་ཉོ་བྱེད་ན་ཟོང་རིན་སྔོན་ལ་སྤྲོད་དགོས་པར་ཁ་གཡར་ནས་ཝང་ཅེ་ལ་སྒོར30000སྤྲོད་དགོས་པའི་རེ་བ་བཏོན། ཝང་ཅེ་ཡིས་དངུལ་སྤྲད་རྗེས་སུ་ད་གཟོད་སྡེབ་ཚོང་མཁན་ལ་འབྲེལ་གཏུག་བྱེད་མི་ཐུབ་པ་ཤེས་ནས་འཕྲལ་དུ་གྱོད་དོན་སྙན་སེང་ཞུས།
  གྱོད་དཔེ་གཉིས་པ།
  ཟླ11ཚེས19ཉིན། ལྷ་ས་གྲོང་ཁྱེར་ཁ་བསླུས་ངོ་རྒོལ་ལྟེ་གནས་ལ་ལིའུ་ལི(མིང་ཚབ)ཡི་གྱོད་དོན་སྙན་སེང་ཞིག་འབྱོར། དེ་ཡང་ཟླ11ཚེས18ཉིན་གྱི་ཆུ་ཚོད14ཙམ་ལ་ཁོ་མོར་ཁ་པར་རྒྱུས་མེད་ཅིག་འབྱོར་བ་དང་། ཕ་རོལ་པོས་རང་ཉིད་ཀྱི་རུས་ལ་ཧོང་ཟེར་ཞིང་། དམག་དཔུང་ཞིག་གི་འཛིན་དཔོན་ཡིན་པ་དང་། དམག་དཔུང་ལ་སྔོ་ཚལ་གསར་པ་འབོར་ཆེན་མཁོ་བས། དེ་དག་སྐྱེལ་རོགས་ཞེས་བརྗོད་པར་མ་ཟད། སྐད་འཕྲིན་ཀྱང་ནང་འཇུག་བྱེད་རོགས་ཞེས་བརྗོད། སྐད་འཕྲིན་ནང་འཇུག་བྱས་རྗེས་སུ་ཁོ་མོར་ཚལ་ཐོ་ཞིག་བསྐུར་བའི་ཐོག་ཏུ“དམག་དཔུང་གི་ཐེལ་ཙེ”ཡོད་པས། ཁོ་མོས་མི་དེའི་ཐོབ་ཐང་ལ་ཡིད་ཆེས་བྱས།
  ཟླ11ཚེས19ཉིན། ལིའུ་ལི་ལ་ཡང་བསྐྱར་ཕ་རོལ་པོའི་འཕྲིན་ཐུང་འབྱོར་ནས། ཧའེ་ཡང་རྟགས་ཅན་གྱི་ཚག་ཤ་བརྔོས་མ་ལྕགས་ཀྲིན་དང་“ནུང་ཧྥུའུ་ཧྲན་ཆོན”གཏེར་ཆུ་སྒམ60དགོས་ལུགས་བརྗོད་པར་མ་ཟད། ཚག་ཤ་བརྔོས་མའི་ལྕགས་ཀྲིན་སྡེབ་ཚོང་མཁན་ཞིག་འོས་སྦྱོར་བྱས། ཁོ་མོས་འཕྲལ་དུ་སྡེབ་ཚོང་མཁན་གྱི་སྐད་འཕྲིན་ནང་འཇུག་བྱས་རྗེས་སུ་སྡེབ་ཚོང་བས་ཟོང་རིན་སྔོན་ལ་སྤྲད་ན་ད་གཟོད་དངོས་ཟོག་བསྐུར་ཆོག་ལུགས་བརྗོད། ལིའུ་ལི་ཡིས“སྐབས་དེར་ངས་སྡེབ་ཚོང་མཁན་ལ་དངུལ་ཐེངས་དང་པོ་དེ་རྩིས་བསྒྱུར་བྱས་པ་ཡིན། ཆུ་ཚོད་ཕྱེད་ཀ་ཙམ་འགོར་རྗེས་སུ་དེ་སྔ‘འཛིན་དཔོན་ཧོང་ལགས’སྟེ།  ང་ལ་སྐད་འཕྲིན་སྣོན་དུ་འཇུག་པའི་མི་དེས་ཡང་བསྐྱར་ང་དང་འབྲེལ་བ་བྱས་ནས་ད་དུང་ལྕགས་ཀྲིན120དགོས་ལུགས་བརྗོད་པས། ངས་སྡེབ་ཚོང་བའི་ས་ནས་ཡང་བསྐྱར་ལྕགས་ཀྲིན120མངགས་ཉོ་བྱས་རྗེས་དངུལ་ཐེངས་གཉིས་པ་དེ་རྩིས་བསྒྱུར་བྱས་པ་ཡིན”ཞེས་བཤད།
  དངུལ་ཐེངས་གཉིས་རྩིས་བསྒྱུར་བྱས་རྗེས་ལིའུ་ལི་ཡིས་སྡེབ་ཚོང་བས་སྤྲད་པའི་ཟོག་འདྲེན་ཤོག་བྱང་དེ“པན་ཀྲང་ཧོང་ལགས”ཡི་སྐད་འཕྲིན་ལ་བསྐུར། པན་ཀྲང་ཧོང་ལགས་ཀྱིས་རང་ཉིད་ལ་དགོས་པ་ནི་དམག་སྤྱོད་ལྕགས་ཀྲིན་ཡིན་པས་ཧའེ་དབྱང་རྟགས་ཅན་གྱི་ལྕགས་ཀྲིན་མི་དགོས་ཞེས་བརྗོད་པར་མ་ཟད། ཁོ་མོས་སྡེབ་ཚོང་བ་དང་འབྲེལ་བ་བྱས་ནས་མངགས་ཐོ་དེ་དམག་སྤྱོད་ལྕགས་ཀྲིན་དུ་འགྱུར་དགོས་ལུགས་བརྗོད། ལིའུ་ལི་ཡིས་འཕྲལ་མར་སྡེབ་ཚོང་བ་འབྲེལ་བ་བྱས་ཀྱང་སྡེབ་ཚོང་བས་མངགས་ཐོ་བསྒྱུར་བར་དངུལ་བསྐྱར་དུ་སྤྲད་ནས་དངོས་ཟོག་སྔོན་མངག་བྱེད་དགོས་ཞེས་བརྗོད་པར་མ་ཟད། དེ་སྔ་རྩིས་བསྒྱུར་བྱས་པའི་དངུལ་ཐེངས་གཉིས་པོ་དེ་ཕྱི་དྲོའི་ཆུ་ཚོད5དང་ཕྱེད་ཀ་ཙམ་ལ་ཕྱིར་སློག་བྱེད་སྲིད་ཅེས་བརྗོད།
  “སྐབས་དེར་ངས་སླར་ཡང་དངུལ་ཐེངས་གཉིས་ལ་བགོས་ནས་སྡེབ་ཚོང་བར་སྒོར108000རྩིས་བསྒྱུར་བྱས་པ་ཡིན། རྩིས་བསྒྱུར་བྱས་ཚར་རྗེས་སུ‘པན་ཀྲང་ཧོང་ལགས’ཀྱིས་ཡང་བསྐྱར་ངར་ཕག་ཤ་བརྔོས་མའི་ལྕགས་ཀྲིན80དགོས་ལུགས་བརྗོད་པ་དང་། སྡེབ་ཚོང་བས་ཡང་བསྐྱར་ཟོང་རིན་སྤྲད་ན་ད་གཟོད་དངོས་ཟོག་བསྐུར་ལུགས་བརྗོད་སྐབས་ངས་གཞི་ནས་རང་ཉིད་ལ་ཁ་བསླུས་ཐེབས་པ་ཤེས་རྟོགས་བྱུང་བས། འཕྲལ་དུ་ཕ་རོལ་པོར་འབྲེལ་བ་བྱས་ཀྱང་ཕ་རོལ་པོས་རང་ཉིད་མིང་ཐོ་ནག་པོའི་ནང་གཡུགས་ཟིན་པ་ཤེས། ང་ལ་སྔ་རྗེས་སུ་ཁྱོན་སྒོར་ཁྲི21.6ཁ་བསླུས་ཐེབས་བྱུང”ཞེས་ལིའུ་ལི་ཡིས་བཤད།
  མི་དམངས་ཉེན་རྟོག་པས་དྲན་སྐུལ་བྱས་དོན། 
  དམག་མི་དང་ཉེན་རྟོག་པར་བརྫུས་ནས་ཁ་བསླུས་རྒྱག་མཁན་གྱིས་རྟག་ཏུ་ཁེ་ལས་འབྲིང་ཆུང་དང་སྒེར་གཉེར་བཟོ་ཚོང་དུད་ཁྱིམ་ལ་དམིགས་ཡོད། “དཔུང་སྡེའི་ལས་དོན་མི་སྣ”ཡིས་རང་ཉིད་འཚོལ་སྐབས་མང་ཚོགས་དཀྱུས་མས་དེར་དོགས་ཟོན་མི་བྱེད། དམག་མི་དང་ཉེན་རྟོག་ཚན་པས་དངོས་ཟོག་ཉོ་སྒྲུབ་བྱེད་ན་ཉོ་སྒྲུབ་ཀྱི་གོ་རིམ་ནན་མོ་བརྒྱུད་དགོས་ལ། ལྷག་པར་དུ་སྒེར་གཉེར་བཟོ་ཚོང་དུད་ཚང་དང་མཉམ་ལས་བྱེད་མི་སྲིད་པ་དང་། མང་ཚོགས་ལ་མི་སྒེར་གྱི་རྩིས་ཁྲའི་ཐོག་དངུལ་བསྐུར་དགོས་པའི་རེ་བ་དེ་བས་ཀྱང་འདོན་མི་སྲིད་པ་ཤེས་དགོས། གལ་ཏེ་ཕ་རོལ་པོས་མངགས་ཐོ་ཆེན་པོ་སྤྲད་ནས་དངོས་ཟོག་དགོས་ལུགས་བརྗོད་ཚེ།  ཚོང་གཉེར་བས་ངེས་པར་དུ་དེ་ལ་དོགས་ཟོན་ཆེན་པོ་དང་གཟབ་ནན་བྱས་ནས། དུས་ཐོག་ཏུ་ཉོ་སྒྲུབ་བྱེད་མཁན་ཕྱོགས་དང་ཕན་ཚུན་ངོ་འཕྲད་ནས་ཐོབ་ཐང་ལ་ཞིབ་དཔྱད་བྱེད་དགོས་པ་ལས། འབྲེལ་བ་མེད་པ་དང་ཕྱོགས་གསུམ་པའི་འགན་ལེན་མེད་པའི་ཉོ་ཚོང་ལ་ཡིད་ཆེས་གཏན་ནས་བྱེད་མི་རུང་། གལ་ཏེ་གཟབ་གཟབ་མ་བྱས་པར་ཁ་བསླུས་ཐེབས་ཚེ། ཁ་པར་རྒྱག་རེས་དང་། འཕྲིན་ཐུང་སྐུར་རེས། དེ་བཞིན་དངུལ་རྩིས་བསྒྱུར་བཅས་ཀྱི་ཟིན་ཐོ་ཉར་ཚགས་ཡག་པོ་བྱས་ནས་མྱུར་དུ་ཉེན་རྟོག་པར་སྙན་སེང་ཞུ་དགོས།
རྩོམ་སྒྲིག་པ། བདེ་སྒྲོན།