ཝུའུ་ཧྭ་ལ་ཕྱིར་འགྱངས་སྲོག་ཁྲིམས་བཅད་པ།
ཝུའུ་ཧྭ་ཡིས་སྒོར་དུང་ཕྱིར 12ལྷག་སྒྲིག་འགལ་ངང་དངུལ་བུན་གཏོང་བ་སོགས་བྱས།
སྤེལ་དུས 2022-12-30
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
རྩོམ་པ་པོ།
ཝུན་ཀྲོའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་གཞུང་ཕྱོགས་འཕྲིན་སྟེགས་སུ་གནས་ཚུལ་སྤེལ་བ་ལྟར་ན། སྤྱི་ལོ་2022ལོའི་ཟླ་12ཚེས་28ཉིན། ཀྲེ་ཅང་ཞིང་ཆེན་ཝུན་ཀྲོའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཝུན་ཀྲོའུ་དངུལ་ཁང་གི་དེ་སྔའི་འགོ་འཛིན་ཝུའུ་ཧྭ་སོགས་མི་བཞིས་ལྐོག་རྔན་ལེན་པ་དང་། གཞུང་དངུལ་སྒེར་སྤྱོད། ཁྲིམས་འགལ་གྱིས་དངུལ་བུན་གཏོང་བ། སྒྲིག་སྲོལ་ལས་འགལ་ཏེ་དངུལ་རྩའི་འཛིན་ཡིག་སྤྲད་པ། རྒྱལ་ཁབ་ཀྱི་ལས་བྱེད་པ་མིན་པའི་ལྐོག་རྔན་ལེན་པའི་གྱོད་གཞི་བཅས་ལ་འདྲི་གཅོད་ཐེངས་དང་པོའི་དཔྱད་མཚམས་ཁྱབ་བསྒྲགས་བྱས།
ཞུ་སྦྱོར་ཕྱི་མ་ཝུའུ་ཧྭ་ཡིས་ལྐོག་རྔན་ལེན་པའི་བྱས་ཉེས་བསགས་པས་སྲོག་ཁྲིམས་བཅད་པ་དང་། ལོ་གཉིས་ཕྱིར་འགྱངས་ཀྱིས་ལག་བསྟར་བྱ་རྒྱུ་དང་། ཚེ་གང་གི་ཆབ་སྲིད་ཁེ་དབང་བཙན་འཕྲོག་བྱས་པ་མ་ཟད། མི་སྒེར་གྱི་རྒྱུ་ནོར་ཡོངས་རྫོགས་གཞུང་བཞེས་གཏོང་རྒྱུ། ཁོ་པས་སྲོག་ཁྲིམས་ལག་བསྟར་ཕྱིར་འགྱངས་ལོ་གཉིས་ཀྱི་དུས་ཚད་ཐིམ་རྗེས། ཁྲིམས་ལྟར་ཚེ་བཙོན་གྱི་ཉེས་ཆད་དུ་སྒྱུར་བ་དང་། ཉེས་ཆད་བཅའ་ཡང་དུ་གཏོང་མི་ཆོག་ལ། ཚོད་བགམ་གློད་འགྲོལ་ཡང་གཏོང་མི་ཆོག་པ། གཞུང་དངུལ་སྒེར་སྤྱོད་ཀྱི་བྱས་ཉེས་ལ་དུས་བཙོན་ལོ་བཅུ་གཉིས་ཀྱི་ཉེས་ཆད་གཅོད་རྒྱུ། ཁྲིམས་འགལ་གྱིས་དངུལ་བུན་བཏང་བའི་ནག་ཉེས་ལ་དུས་བཀག་བཙོན་འཇུག་ལོ་བཅུ་དང་མི་དམངས་ཤོག་སྒོར་ཁྲི་20ཡི་ཆད་པ་གཅོད་རྒྱུ། སྒྲིག་སྲོལ་ལས་འགལ་ཏེ་དངུལ་རྩའི་འཛིན་ཡིག་སྤྲད་པའི་བྱས་ཉེས་ལ་དུས་བཙོན་ལོ་བདུན་གྱི་ཉེས་ཆད་གཅོད་རྒྱུ། བྱས་ཉེས་དུ་མ་བསགས་པར་ཉེས་ཆད་སྡེབ་གཅོད་དང་། སྲོག་ཁྲིམས་ལག་ལེན་བསྟར་རྒྱུའི་ཁྲིམས་ཐག་བཅད་པ་དང་། ལོ་གཉིས་ཕྱིར་འགྱངས་ཀྱིས་ལག་ལེན་བསྟར་བ། ཆབ་སྲིད་ཀྱི་ཁེ་དབང་ཚེ་གང་བཙན་འཕྲོག་བཅས་བྱ་རྒྱུ་མ་ཟད། སྒེར་གྱི་རྒྱུ་ནོར་ཡོངས་རྫོགས་གཞུང་བཞེས་གཏོང་རྒྱུའི་ཉེས་ཆད་ཆབས་སྦྲགས་སུ་གཅོད་རྒྱུ། སྲོག་ཁྲིམས་ལག་བསྟར་ཕྱིར་འགྱངས་ལོ་གཉིས་ཀྱི་དུས་ཚད་ཐིམ་དུས། ཁྲིམས་ལྟར་ཚེ་བཙོན་གྱི་ཉེས་ཆད་དུ་བཅའ་ཡང་གཏོང་རྒྱུ་དང་། ཚེ་གང་ལ་བཙོན་འཇུག་དང་ཉེས་ཆད་བཅའ་ཡང་དུ་གཏོང་མི་ཆོག་པ། ཚོད་བགམ་གློད་འགྲོལ་གཏོང་མི་ཆོག ཞུ་སྦྱོར་ཕྱི་མ་ཀྲོའུ་ལིའང་ཙེང་དང་། ལིན་ཧྲེན། ཧོ་ཅང་ཧྥེང་བཅས་ལ་དུས་བཙོན་ལོ་བཅུ་དྲུག་ནས་བརྒྱད་བར་གྱི་ཉེས་ཆད་གཅོད་རྒྱུ་ཡིན་ལ།གྱོད་གཞི་དང་འབྲེལ་ཡོད་ཀྱི་བཙོག་དངུལ་དང་རྒྱུ་དངོས། ཞུ་སྦྱོར་ཕྱི་མ་བ་ཝུའུ་ཧྭ་སོགས་མི་4ཡི་ཁྲིམས་འགལ་ཐོབ་ཆ་དང་དེའི་ཕན་ཆ་དང་སྐྱེད་འཕེལ་བཅས་བདའ་འདེད་གཏོང་རྒྱུ་དང་། མི་འདང་བའི་ཆ་མུ་མཐུད་བདའ་འདེད་གཏོང་རྒྱུ་དང་། ཚང་མ་གཞུང་བཞེས་བཏང་ནས་རྒྱལ་མཛོད་དུ་འབུལ་རྒྱུ་ཡིན་པ་རེད།
པར་གྱི་འབྱུང་ཁུངས། ཝུན་ཀྲོའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་གཞུང་ཕྱོགས་འཕྲིན་སྟེགས།
འདྲི་ཞིབ་བྱས་ནས་རྒྱུས་ལོན་བྱུང་བ་ལྟར་ན། སྤྱི་ལོ་2013ལོ་ནས་སྤྱི་ལོ་2019ལོའི་བར། ཞུ་སྦྱོར་ཕྱི་མ་ཝུའུ་ཧྭ་ཡིས་ཝུན་ཀྲོའུ་དངུལ་ཁང་གི་འགོ་འཛིན་ལས་གནས་ཀྱི་སྟབས་བདེ་སྤྱད་དེ་འབྲེལ་ཡོད་ཚན་པ་དང་མི་སྒེར་ལ་ཡིད་རྟོན་གྱི་ཞིབ་མཆན་འགོད་པ་དང་། དངུལ་བུན་གཏོང་བ། ཁ་ཆད་ལག་བསྟར་གྱི་འགན་ཡིག་འདོན་པ། ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་སོགས་བྱས་ཏེ་ཁེ་ཕན་དོན་གཉེར་བྱས་ནས། སྔ་རྗེས་སུ་མི་གཞན་དང་མཉམ་དུའམ་ཡང་ན་ཁེར་རྐྱང་ཐོག་ཁྲིམས་འགལ་ངང་རྒྱུ་དངོས་ཐེངས་མང་བླངས་ཤིང་། དེའི་རིན་ཐང་བསྡོམས་འབོར་གྱིས་མི་དམངས་ཤོག་སྒོར་དུང་ཕྱུར་2.7544ལྷག་ཟིན་པ་དང་། སྤྱི་ལོ་2013ལོ་ནས་སྤྱི་ལོ་2015ལོའི་བར་ཝུའུ་ཧྭ་ཡིས་གོ་གནས་ཀྱི་སྟབས་བདེ་སྤྱད་དེ་མི་གཞན་དང་མཉམ་དུ་ཚན་པ་དེ་གའི་མ་དངུལ་སྒོར་དུང་ཕྱུར་5.08སྒེར་སྤྱོད་བྱས་པའམ་ཡང་ན་མི་གཞན་ལ་གཡར་ནས་ཁེ་གཉེར་བྱེད་སྒོ་སྤེལ་བ་དང་། སྤྱི་ལོ་2011ལོ་ནས་སྤྱི་ལོ་2018ལོའི་བར་ཝུའུ་ཧྭ་ཡིས་རྒྱལ་ཁབ་ཀྱི་གཏན་འབེབས་ལས་འགལ་ཏེ་དངུལ་བུན་སྒོར་དུང་ཕྱུར་5.01བཏང་ནས་ཝུན་ཀྲོའུ་དངུལ་ཁང་གི་རྩིས་ཐོའི་ངོས་ཀྱི་གྱོང་གུན་སྒོར་ཁྲི་3026.0542བཟོས། སྤྱི་ལོ་2015ལོ་ནས་སྤྱི་ལོ་2017ལོའི་བར་ཝུའུ་ཧྭ་ཡིས་ཁག་ཐེག་ལས་སྒོའི་དོ་དམ་གྱི་གཏན་འབེབས་ལས་འགལ་ཏེ། དངུལ་བུན་ཞིབ་བཤེར་ཚོགས་འདུ་དང་ཏུང་ཧྲི་ལྷན་ཚོགས་ཀྱི་ཆོག་མཆན་མ་བརྒྱུད་པར། མི་གཞན་དང་མཉམ་དུ་ཁག་ཐེག་ཡི་གེ་སྒོར་དུང་ཕྱུར་3བཏང་བ་རེད།
པར་གྱི་འབྱུང་ཁུངས། ཝུན་ཀྲོའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་གཞུང་ཕྱོགས་འཕྲིན་སྟེགས།
ཝུན་ཀྲོའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མ་ཝུའུ་ཧྭ་ཡི་བྱ་སྤྱོད་ཀྱིས་ལྐོག་རྔན་ལེན་པའི་ནག་ཉེས་དང་། གཞུང་དངུལ་སྒེར་སྤྱོད་ཀྱི་ནག་ཉེས། ཁྲིམས་འགལ་ངང་དངུལ་བུན་གཏོང་བའི་ནག་ཉེས། སྒྲིག་འགལ་ངང་དངུལ་རྩའི་འཛིན་ཡིག་སྤྲད་པའི་ནག་ཉེས་བཅས་ཡིན་པས་ཉེས་མང་སྡེབ་གཅོད་ཀྱི་ཐག་བཅད་པ་རེད། ཝུའུ་ཧྭ་ཡིས་རྒྱུ་རྔན་ཟ་ལེན་བྱས་པའི་གྲངས་འབོར་ཧ་ཅང་ཆེ་བ་དང་། བྱས་ཉེས་ཚབས་ཧ་ཅང་ཆེ་བ། སྤྱི་ཚོགས་ལ་ཤུགས་རྐྱེན་ཧ་ཅང་ངན་པ་བཅས་ཡོད་པས་རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་ལ་གྱོང་གུན་ཧ་ཅང་ཆེན་པོ་ཕོག་ཡོད་པས། བཅའ་ཁྲིམས་ལྟར་ཉེས་ཆད་ནན་པོ་གཅོད་དགོས། ཁྲིམས་རས་གྱོད་གཞི་ཡོངས་ཀྱི་ཉེས་གསོག་དོན་དངོས་དང་། ཉེས་ཚབས། དེ་བཞིན་སྤྱི་ཚོགས་ལ་གནོད་འཚེ་ཕོག་ཚད་བཅས་ལ་ཕྱོགས་བསྡུས་ཀྱིས་བསམ་གཞིགས་ལྟར་གོང་གསལ་ཀྱི་དཔྱད་མཚམས་བཏང་ཡོད་ཅེས་བརྗོད།
རྩོམ་སྒྲིག་པ། བདེ་སྒྲོན།