ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

ཏོག་གསར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་སྤྱོད་དང་འགལ་བར་ཉེས་པ་གཏན་འཁེལ་དང་ཆད་པ་གཅོད་རྒྱུ་མིན་པ།

སྤེལ་དུས 2023-01-09 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
     ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་གཞུང་ཕྱོགས་ཀྱི་པོད་འཕྲིན་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཚེས7ཉིན་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་པུའུ། ཁྲིམས་འཛིན་པུའུ། འགག་སྒོ་སྤྱི་ཁྱབ་ཧྲུའུ་བཅས་ཀྱིས་མཉམ་འབྲེལ་ཐོག《དུས་མཚམས་གསར་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་སྲིད་ཇུས་ལེགས་སྒྲིག་དང་འཚམ་པ་བྱས་ནས་འབྲེལ་ཡོད་ཉེས་དོན་གྱོད་གཞི་ཁྲིམས་ལྟར་ཐག་གཅོད་འོས་འཚམ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》ཞེས་པ་བཏོན་ཡོད།
     《བརྡ་ཐོའི》ནང་བསྟན་པར། རིམས་ནད་སྔོན་འགོག་ཚོད་འཛིན་ལ་དུས་བབ་གསར་པ་དང་ལས་འགན་གསར་པ་འཕྲད་པ་དང་། སྔོན་འགོག་ཚོད་འཛིན་ལས་དོན་དེ་དུས་མཚམས་གསར་པར་སླེབས་པ། རིམས་ནད་སྔོན་འགོག་ཚོད་འཛིན་ལ་གནོད་པའི་བྱེད་སྤྱོད་ཀྱི་སྤྱི་ཚོགས་ཀྱི་གནོད་འཚེའི་རང་བཞིན་སོགས་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིག་བྱེད་པར་འབྲེལ་ཡོད་བཅའ་ཁྲིམས་སྤྱོད་འཐུས་ལ་དུས་ཐོག་ཏུ་ལེགས་སྒྲིག་བྱེད་དགོས་པ་དང་། དམ་ལྷོད་བབས་བསྟུན་གྱི་ཉེས་དོན་སྲིད་ཇུས་ལག་བསྟར་འཕྱུགས་མེད་བྱས་ནས་འབྲེལ་ཡོད་ཉེས་དོན་གྱོད་གཞི་ཁྲིམས་ལྟར་ཐག་གཅོད་འོས་འཚམ་བྱེད་དགོས་ཞེས་འཁོད་ཡོད།
     《བརྡ་ཐོའི》ནང་བླང་བྱ་བཏོན་དོན། ལས་ཁུངས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྲིམས་དང་སྒྲིག་སྲོལ་ལྟར་རིམས་འགོག་སྒྲིག་ལམ་སྲུང་སྐྱོང་དང་། སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་སྲུང་སྐྱོང་ཏན་ཏིག་བྱ་རྒྱུའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་རིམས་ནད་བྱུང་ཚུལ་སྔོན་འགོག་ཚོད་འཛིན་བྱེད་པའི་དུས་བབ་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་ལ་གོ་བ་གཏིང་ཟབ་བླངས་ཏེ་བཅའ་ཁྲིམས་སྤྱོད་རྒྱུར་སྟངས་འཛིན་འཕྱུགས་མེད་བྱེད་པ་དང་། ལས་ཀའི་གཙོ་གནད་དུས་ཐོག་ཏུ་ལེགས་སྒྲིག་བྱེད་པ། ཁྲིམས་ལྟར་གྱོད་གཞི་སྒྲུབ་པ་བཅས་བྱེད་དགོས།
     《བརྡ་ཐོའི》ནང་ཁ་གསལ་བྱས་དོན། སྤྱི་ལོ་2023ལོའི་ཟླ་1པོའི་ཚེས་8ཉིན་ནས་ཏོག་གསར་རིམས་ནད་དེ་རིམས་ནད་ཁ་པའི་རིགས་སུ་ཕྱེ་ནས་ཁ་པའི་རིམ་པ་ལྟར་དོ་དམ་བྱ་རྒྱུ་དང་། ཞིབ་བཤེར་དགོས་པའི་ནད་ཡམས་རིགས་ལྟར་དོ་དམ་བྱ་རྒྱུ་མིན་པ་དང་། ཏོག་གསར་རིམས་ནད་སྔོན་འགོག་དང་། ཚོད་འཛིན་བྱེད་ཐབས། རྒྱལ་མཚམས་འཕྲོད་བསྟེན་ནད་ཡམས་ཞིབ་བཤེར་གཏན་འབེབས་བཅས་ལས་འགལ་བའི་བྱ་སྤྱོད་ལ་ཉེས་ཁྲིམས་ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་པར་གསལ་བའི་འགོས་ནད་འགོག་བཅོས་བྱེད་པར་གནོད་སྐྱོན་གཏོང་བའི་བྱས་ཉེས་དང་དོན་ཚན་སུམ་བརྒྱ་སོ་གཉིས་པར་འཁོད་པའི་རྒྱལ་མཚམས་འཕྲོད་བསྟེན་ནད་ཡམས་ཞིབ་བཤེར་བྱེད་པར་གནོད་སྐྱོན་གཏོང་བའི་བྱས་ཉེས་ལྟར་བྱས་ཉེས་སུ་གཏན་འཁེལ་བྱས་ཏེ་ཉེས་ཆད་གཅོད་རྒྱུ་མིན་པ་རེད།  མིག་སྔར་སྒྲུབ་བཞིན་པའི་འབྲེལ་ཡོད་གྱོད་དོན་དག་རང་རྒྱལ་གྱི་ཉེས་ཁྲིམས་དང་ཉེས་དོན་གཏུག་བཤེར་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་དུས་ཐོག་ཏུ་ཐག་གཅོད་འོས་འཚམ་བྱེད་བཞིན་ཡོད། ཉེས་བསགས་དོགས་གནད་ཆེ་བའི་སྐྱེ་བོ་དང་ཞུ་སྦྱོར་ཕྱི་མ་བ་བཙན་ཉར་བྱེད་པའི་གནས་སུ་གྱར་ཡོད་ན། གྱོད་གཞི་ཞིབ་གཅོད་བྱེད་མཁན་ལས་ཁུངས་ཁག་གིས་ཁྲིམས་ལྟར་དུས་ཐོག་ཏུ་བཙན་ཤེད་ཀྱི་བྱེད་ཐབས་ཕྱིར་འཐེན་བྱ་དགོས། གྱོད་འབྲེལ་རྒྱུ་ནོར་ལ་སྒོ་ཐེལ་རྒྱག་པ་དང་། བཙན་ཉར། བསྡམས་བཅད་བཅས་བྱས་རིགས་ཁྲིམས་ལྟར་དུས་ཐོག་ཏུ་ཕྱིར་འཐེན་བྱེད་དགོས། 
     《བརྡ་ཐོའི》ནང་ནན་བཤད་བྱས་དོན། དམ་ལྷོད་བབས་བསྟུན་གྱི་ཉེས་དོན་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་ཡང་དག་བྱེད་དགོས། སྨན་བཅོས་མི་སྣའི་མི་ལུས་བདེ་འཇགས་ལ་གནོད་འཚེ་གཏོང་བ་དང་། རྒྱུན་ལྡན་གྱི་སྨན་བཅོས་སྒྲིག་ལམ་དཀྲུག་པ། རྒན་གསོའི་སྒྲིག་གཞི་དང་སྤྱི་ཚོགས་ཕན་བདེའི་སྒྲིག་གཞི་སོགས་གཙོ་གནད་སྒྲིག་གཞིར་གནོད་འཚེ་ཚབས་ཆེན་བཟོ་བ། རིམས་ནད་དང་འབྲེལ་བའི་སྨན་རྫས་དང་ཞིབ་དཔྱད་བྱེད་རྫས་སོགས་རྫུན་བཟོ་རྫུན་འཚོང་དང་། ལྐོག་འདྲེན་ལྐོག་ཚོང་། ཟོག་གོང་ཧམ་སྤོར་སོགས་ཀྱི་གནོད་འཚེ་ཚབས་ཆེན་དང་ངོ་བོ་ངན་པ་སོགས་ཀྱི་ཉེས་གསོག་བྱ་སྤྱོད་ལ་ཁྲིམས་ལྟར་ཆད་གཅོད་ནན་པོ་བྱས་ནས་རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱ་རྒྱུ། ནད་ཡམས་དང་འབྲེལ་བ་ཡོད་པའི་ཉེས་དོན་གྱི་གྱོད་གཞི་ཆུང་གྲས་ལ་གཙོ་གནད་དུ་ཁྲིད་སྟོན་དང་འགལ་བ་འདུམ་སེལ་བྱེད་པ་དང་། འཛིན་བཟུང་ཉུང་ཞིང་ཞུ་གཏུག་ཉུང་ལ་བཙོན་འཇུག་ཉུང་བའི་ཉེས་དོན་ཁྲིམས་འཛིན་སྲིད་ཇུས་གཅིག་གྱུར་གྱིས་དོན་འཁྱོལ་བྱས་ཏེ། འབྱུང་རྩ་ནས་བཅོས་སྐྱོང་བྱེད་པར་དོ་སྣང་དང་། སྤྱི་ཚོགས་ཀྱི་སྒྲིག་ལམ་སླར་གསོ། སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་ཡོང་བར་སྐུལ་འདེད་བཅས་བྱ་རྒྱུ་དེ་ཁྲིམས་འཛིན་གྱོད་སྒྲུབ་བྱེད་པའི་ནང་ཡོངས་ཁྱབ་བྱ་དགོས།
རྩོམ་སྒྲིག་པ། བདེ་སྒྲོན།