ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

ཡུལ་སྨད་དུ་གངས་བབས་ནས་མྱུར་སྐྱོབ་བྱ་སྤྱོད་སྤེལ་བར་་་

སྤེལ་དུས 2023-01-09 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
     སྤྱི་ལོ2023ལོའི་ཟླ་དང་པོའི་ཚེས2ཉིན་གྱི་ཆུ་ཚོད10དང་སྐར་མ40ཡི་ཐོག་མང་ཚོགས་ཀྱིས་ཡུལ་སྨད་མཐའ་མཚམས་མངགས་གཏོང་ཁང་ལ་ཉེན་བརྡ་བཏང་ནས་གངས་འཁྱགས་ཁྲོད་ལུས་པའི་མང་ཚོགས་རོགས་སྐྱོབ་བྱེད་དགོས་པའི་རེ་བ་བཏོན་ཡོད། གནས་ཚུལ་ཤེས་རྗེས་ཡུལ་སྨད་མཐའ་མཚམས་མངགས་གཏོང་ཁང་གིས་《ཡུལ་སྨད་མཐའ་མཚམས་མངགས་གཏོང་ཁང་གི་གངས་ཆར་འགོག་པའི་འཕྲལ་སྡོམ་སྔོན་ཇུས》འཕྲལ་མར་ལག་བསྟར་བྱས་ནས། འདྲེད་འགོག་ལྕགས་ཐག་དང་གངས་སེལ་ལྕགས་ཁེམ་སོགས་རོགས་སྐྱོབ་ལག་ཆ་ཁྱེར་ནས་ཉེན་རྟོག་པའི་སྣེ་ཁྲིད་དེ་དོན་རྐྱེན་ཐོན་སར་རོགས་སྐྱོབ་བྱེད་པར་བསྐྱོད།
     གནམ་གཤིས་གྲང་ངར་ཆེ་ཞིང་ཁ་བ་བུ་ཡུག་འཚུབ་པའི་དབང་གིས་དཀའ་ངལ་འཕྲད་པའི་མང་ཚོགས་དངངས་སྐྲག་ཆེན་པོ་སྐྱེས་ཡོད། འཁྱགས་པ་བཀོག་པ་དང་། གངས་ཕྱག་པ། ཆུ་ཡུར་ནང་ལྷུང་བའི་རླངས་འཁོར་ཡར་འཐེན་པ། མང་ཚོགས་ལ་སེམས་གསོ་གཏོང་བ་སོགས་ཉེན་རྟོག་པས་གོ་རིམ་ལྡན་པའི་སྒོ་ནས་དུས་ཡུན་ཆུ་ཚོད་གཉིས་ལྷག་ཙམ་ལས་དོན་ཧུར་ཐག་སྤེལ་བ་བརྒྱུད་གངས་འཁྱགས་ཁྲོད་ལུས་པའི་རླངས་འཁོར་དང་མང་ཚོགས་སྐྱོབ་ཐུབ་པ་བྱུང་ཡོད།
     ཉིན་ཤས་བསྟུད་མར་ཡུལ་སྨད་ཤང་དུ་ཁ་བ་ཆེན་པོ་བབས་ཡོད། ས་གནས་དེ་གའི་མངགས་གཏོང་ཁང་གིས་སྔ་ནས་ཇུས་འགོད་དང་ལོ་མང་རིང་གི་ཉེན་སྐྱོབ་ལས་ཀའི་ཉམས་མྱོང་ཕྱོགས་སྡོམ་བྱེད་པ། དོན་དངོས་དང་མཐུན་ཞིང་བཀོལ་སྤྱོད་བྱེད་བདེ་བ་དང་དམིགས་སའི་རང་བཞིན་ཆེ་བ་བཅས་ཀྱི་འཕྲལ་སྡོམ་སྔོན་ཇུས་འདིང་བ། ཛ་དྲག་གི་གནས་ཚུལ་མི་འདྲ་བར་མཁོ་བའི་ཆེད་ལས་སྒྲིག་ཆས་ཉོ་སྒྲུབ་བྱེད་པ་བཅས་བྱས་ཡོད། སྤྱི་ལོའི་ལོ་གསར་རིང་མངགས་གཏོང་ཁང་གིས་རོགས་སྐྱོབ་བྱ་སྤྱོད་ཐེངས་གསུམ་ནང་ཞུགས་ནས་མང་ཚོགས་12ལ་རོགས་སྐྱོབ་བྱས་པ་དང་གཟེངས་བསྟོད་དར་ཆ་1ཐོབ་ཡོད་ཅིང་གཞན་ད་དུང་དགུན་དུས་འགྲོ་ལམ་བདེ་འཇགས་སྐོར་གྱི་ཆེད་དོན་འཆད་ཁྲིད་ཐེངས་གཅིག་སྒྲིག་འཛུགས་བྱས་ཏེ་སྤེལ་ཡོད།
     མཛེས་སྡུག་ལྡན་པའི་མཐའ་མཚམས་ཀྱི་འཐབ་ས་དང་པོའི་ཕྱོགས་མཐའ་ཀུན་ལ་ཡུལ་སྨད་མཐའ་མཚམས་མངགས་གཏོང་ཁང་གི་གནས་སྤོས་ཡུལ་མི་དོ་དམ་བྱེད་མཁན་གྱི་ཉེན་རྟོག་པའི་གཟུགས་བརྙན་མཐོང་རྒྱུ་ཡོད་ཅིང་། ཁོང་ཚོས་མི་དམངས་ལ་ཞབས་འདེགས་ཞུ་བའི་ལམ་བུའི་ཐོག་ཐོག་མཐའ་བར་གསུམ་དུ་མདུན་སྐྱོད་བྱས་ནས་བློ་གཅིག་སེམས་གཅིག་གིས་མི་དམངས་མང་ཚོགས་ཀྱི་དགོས་མཁོ་འགན་ལེན་དང་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆའི་ཐོག་རྒྱལ་ཁབ་ཀྱི་མངའ་ཁོངས་ས་ཆ་སྲུང་སྐྱོང་དང་ཁྱིམ་གཞིས་འཛུགས་སྐྲུན་གནང་བཞིན་ཡོད།
     ཡུལ་སྨད་ཀྱི་མཐའ་མཚམས་མངགས་གཏོང་ཁང་གིས་དྲན་སྐུལ་བྱས་དོན། ཆུ་ཡུལ་གཞུང་ལམ་དང་རིབ་ལའི་ལམ་དུམ་གྱི་སྤྱི་ལེ་15ལྷག་ཙམ་ལ་ཁ་བ་བབས་ཡོད་པ་དང་ལམ་ངོས་ཁག་གཅིག་ལ་འཁྱགས་རོམ་ཆགས་ཡོད་པས་རླངས་འཁོར་གཞོགས་ངོས་ནས་འདྲེད་ཤུད་ཤོར་སླ་བས་འགྲོ་འོང་བྱེད་མཁན་རླངས་འཁོར་གྱིས་བདེ་འཇགས་ལ་ཡིད་གཟབ་བྱེད་དགོས་པ་དང་། དཀའ་ངལ་འཕྲད་ཚེ་0893-7340002དང་འབྲེལ་གཏུག་བྱེད་ཆོག
རྩོམ་སྒྲིག་པ། བདེ་སྒྲོན།