“པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསོ་རིག་ཀུན་ཕན།

《མན་རྒྱུད་》ལས་བསྟན་པའི་“མིག་ནད་སྒྲ་ངན་མ་ནུའི་སྐྱུག་ཁྲུས་བྱ”་ཞེས་པར་དོགས་སློང་གི་ཚུལ་དུ་ཅུང་ཟད་དཔྱད་པ།

སྤེལ་དུས 2019-12-27 ཡོང་ཁུངས། བོད་ལྗོངས་ཞིབ་འཇུག རྩོམ་པ་པོ། གཡང་ལོ།
          [ནང་དོན་གནད་བསྡུས།] 《མན་རྒྱུད་》ཀྱི་ལེའུ་ཉེར་དགུ་པ་མིག་ནད་བཅོས་པར། “མིག་ནད་སྒྲ་ངན་མ་ནུའི་སྐྱུག་ཁྲུས་བྱ”་ཞེས་གསུངས་པའི་མ་ནུའི་སྐྱུག་ཁྲུས་ཞེས་པར་རྒྱུད་འགྲེལ་གྲགས་ཆེ་བ་ཁག་གཅིག་ཏུ་གསལ་ཁ་ཅི་ཡང་མཛད་མེད་ལ། ཁག་གཅིག་ཏུ། “མ་ནུའི་སྐྱུག་དང་ཁྲུས་ཀྱིས་བཅོས་བྱ་ཞིང་”ཞེས་པ་ལྟ་བུ་གསུངས་ཡོད་ནའང་། མ་ནུའི་སྐྱུག་དང་ཁྲུས་ཀྱི་སྦྱོར་སྡེ་དེ་ཡང་སྙིང་གང་དང་། བསྟེན་ཚུལ་ཇི་ལྟར་ཡིན་པ། ཡང་ན་རྒྱུད་གཞུང་གང་གི་ཐད་བསྟན་པ་ཡིན་ཚུལ་སོགས་གསལ་ཁ་གཏོད་མེད་པས། རྩོམ་འདིར་གནའ་དེང་གི་དཔྱད་གཞིའི་ཡིག་ཆ་འགངས་ཆེ་ཁག་གཅིག་ལ་གཞི་བཅོལ་ནས་དབྱེ་ཞིབ་ཀྱིས་ལུང་རིགས་གཉིས་ཀྱི་སྒོ་ནས་“མ་ནུའི་སྐྱུག་ཁྲུས་བྱ་”ཞེས་པའི་“ནུའི་ནི་ཡིག་ནོར་ཡིན་པའི་ལྟ་བ་བསྟན་ཡོད།
          [བརྡ་ཆད་གཙོ་བོ།] མན་རྒྱུད། མིག་ནད་སྒྲ་ངན། མ་ནུའི་སྐྱུག་ཁྲུས།
          [ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] R291.4[ཡིག་ཚང་མཚོན་བྱང་།]A[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-946X(2014)04-093 -08    
          《བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་》ལས་དུམ་བུ་གསུམ་པ་མན་ངག་རྒྱུད་ཀྱི་ལེའུ་ཉེར་དགུ་པ་མིག་ནད་བཅོས་པར། “མིག་ནད་སྒྲ་ངན་མ་ནུའི་སྐྱུག་ཁྲུས་བྱ་”ཞེས་གསུངས་པར་རྒྱུད་འགྲེལ་གྲགས་ཆེ་བ་《མེས་ཞལ་》དང་། 《སྐྱེམ་འགྲེལ་》 《ཨ་རུའི་ཕྲེང་མཛེས་》སོགས་གནའ་གཞུང་ཁག་གཅིག་དང་། 《ཀྲུང་གོའི་གསོ་རིག་ཀུན་འདུས་ལས་བོད་ཀྱི་གསོ་བ་རིག་པ་》ལྟ་བུའི་དེང་གི་བརྩམས་ཆོས་ཁག་ཏུ་གནད་འདི་ལ་བཟུར་ནས་སོང་བའམ། ཡང་ན་འདི་རིགས་དཀའ་གནད་དུ་མ་རྩིས་པས་ལན་པ་མི་ཤེས་མོད། གང་ལྟར་ཡང་འདིའི་ཐད་གསལ་ཁ་ཅི་ཡང་མཛད་མེད། 《བཻ་སྔོན་》དང་། 《དྲང་སྲོང་ཞལ་ལུང་》གཞན་ཉེ་ཆར་བསྒྲིགས་པའི་བོད་ལུགས་གསོ་རིག་གི་ཆེད་ལས་སློབ་དེབ་ཁག་གཅིག་ཏུ། “བྱིས་པའི་མིག་ནད་སྒྲ་ངན་ལ་ནི། མ་ནུའི་སྐྱུག་དང་ཁྲུས་ཀྱིས་བཅོས་པར་བྱ་”ཞེས་པ་ལྟ་བུའི་ཚིག་འགའ་ཞིག་གསུངས་ཡོད་ནའང་། མ་ནུའི་སྐྱུག་དང་ཁྲུས་ཀྱི་སྦྱོར་སྡེ་དེ་ཡང་སྙིང་གང་དང་། ཡང་ན་རྒྱུད་གཞུང་གང་ནས་བསྟན་པ་ཡིན་ཚུལ་སོགས་གསལ་ཁ་བྱུང་མེད་ལ། འདིའི་ཐད་དཔྱད་པ་བཏང་བའི་དཔྱད་རྩོམ་ཡང་ད་ཕན་ཕྲན་གྱི་མཐོང་ལམ་དུ་མ་གྱུར། རྒྱུ་མཚན་དེའི་ཕྱིར་འདི་རིགས་ལ་དོན་མི་ཆེ་ན་ཡང་དོན་སྙིང་མི་དམན་པ་ཞིག་ལྡན་སྙམ་ནས་དཔྱད་ཁུལ་བྱས་པ་ལགས།   
          དང་པོ། མིག་ནད་སྒྲ་ངན་གྱི་ངོ་བོ་དང་ནད་རྟགས་སོགས་བཤད་པ།   
          མིག་ནད་སྒྲ་ངན་ཞེས་པ་ནི་སྤྱིར་མིག་ནད་ལ་《མན་རྒྱུད་》ལས། “དབྱེ་བ་མིག་ཆུའི་(མཆུའི་)ནད་དང་མིག་ཚག་དང་།  །ལིང་ཐོག་རབ་རིབ་འགྲིབས་དང་རྣམ་པ་ལྔ། །”①ཞེས་སྤྱིའི་དབྱེ་བ་ལྔར་ཕྱེ་པའི་ནང་ཚན་མིག་མཆུའི་ནད་ཀྱི་ཁོངས་སུ་གཏོགས་ཏེ། “མིག་ཆུ་(མཆུ་)རླུང་མཁྲིས་ཁྲག་དང་བད་ཀན་དང་། །འདུས་པ་སྲིན་བུ་མིག་ནད་སྒྲ་ངན་བདུན། །”②ཞེས་གསུངས་པ་ལྟར་ཡིན་ལ། ནད་དེ་ཞུགས་སའི་གནས་དེ་ཡང་། “མིག་ལ་ཕྱི་རུས་པའི་ཁྱིམ། ནང་ཆིལ་བུའི་ཁྱིམ། དབུས་ཆུའི་ཁྱིམ། མཐོང་བྱེད་རྒྱལ་མོའི་ཁྱིམ་བཞི་དང་། མིག་ཆུའི་(མཆུའི་) ནད་གྲ་མཚམས་སུ་འབྱུང་བ་” ③ཡིན་ཚུལ་《གསོ་རིག་ཀུན་འདུས་》དང་《མེས་ཞལ་》སོགས་སུ་གསལ་སྟོན་གནང་ཡོད། ནད་དེ་ནི་བྱིས་པ་མངལ་དུ་གནས་པའི་དུས་མ་ཡི་ཉེས་པ་བུ་ལ་ལྷུང་བ་ལས་བྱུང་བ་ཡིན་ལ། བྱིས་པར་སོ་ཐོག་མར་སྐྱེ་བའི་ཚེ། ནད་དུ་གྱུར་པའམ་ལྡང་བ་ཡིན་ཏེ། ནད་རྟགས་སུ་མིག་དམར་ལ་ཚ་ཤར་རྒྱག་པ་དང་། མིག་མཆུ་འབྱར་ཞིང་སྐྲངས་པ། བྱིས་པ་རང་གི་ལག་པས་མིག་དང་སྣ་ཡང་ཡང་ཉེད་པ་ཡིན།(སྤྱིར་ལུས་ཀྱི་སྟོད་སྨད་གང་ན་བ་དེ་ལ། བྱིས་པ་རང་གི་ལག་པས་ཡང་ཡང་རེག་ཅིང་འཇུ་བ་ནི་བྱིས་ནད་ཀྱི་སྤྱི་རྟགས་ཤིག་ཡིན་ཡང་མིག་ནད་དེ་ལ་ལག་པས་ཡང་ཡང་འཕུར་ན་མིག་ནང་བཙོག་པ་ཤོར་ནས་གཉན་ཁ་རྒྱས་སླ་བས་དེ་ལྟར་བརྗོད་པའོ།)དེ་ཡང་། 《མན་རྒྱུད་》ལས། “བྱིས་པའི་མིག་ནད་སྒྲ་ངན་སོ་སྐྱེ་ཚེ ། མ་ནད་ལས་བྱུང་དམར་ཚ་འབྱར་ཞིང་སྐྲངས། །ལག་པས་མིག་དང་སྣ་ཉེད་གསོ་དཀའ་ཡིན། །”④ཞེས་དང་།  “མིག་གི་ནད་ལ་སྒྲ་ངན་འཕྲལ་ཚག་གཉིས། །དེ་གཉིས་མིག་དམར་ཚ་ཞིང་མཆི་མ་འཛག །”⑤ཅེས་གསུངས་པ་ལྟར་ཡིན། ནད་དེ་ནི་ན་ཚོད་ཀྱི་དབང་དུ་བཏང་ན་བྱིས་པ་ཁོ་ནར་འབྱུང་ཞིང་། ཁྱད་པར་སོ་ཐོག་མར་སྐྱེ་བའི་ཚེ་ན་བ་དང་། བྱིས་པ་མངལ་དུ་གནས་པའི་དུས་མ་ཡི་ཉེས་པ་བུ་ལ་ལྷུང་བ་ལས་བྱུང་བ་ཞིག་ཡིན། སྤྱིར་བྱིས་པའི་ནང་ཀྱི་འབྱུང་རྐྱེན་ལ་མ་རྐྱེན་དང་བུ་རྐྱེན་གཉིས་སུ་ཕྱེ་བ་ལས་དེ་ནི་མ་རྐྱེན་ལས་བསྐྱེད་པ་དང་། བྱིས་ནད་སྤྱིའི་དབྱེ་བར་ལྷན་སྐྱེས་དང་གློ་བུར་གཉིས་ཡོད་པ་ལས་ལྷན་སྐྱེས་སུ་གཏོགས་པ་ཡིན་སྙམ་སྟེ། 《མན་རྒྱུད་》ལས། “མ་རྐྱེན་མ་ཡི་ཟས་སྤྱོད་གང་འཕེལ་བའི། །མ་ཡི་རླུང་མཁྲིས་ཁྲག་དང་བད་ཀན་ནད། །བུ་ལ་ལྷུང་དང་མི་གཙང་གདོན་རྐྱེན་གྱིས། །འོན་ལོང་དིག་པ་ཞ་སྒུར་ཤོ་སོགས་འབྱུང་། །འདི་རྣམས་ལྷན་སྐྱེས་ནད་ཡིན་གསོར་མི་ནུས། །”⑥ཞེས་དང་། “མ་ནད་བུ་ལ་ལྷུང་བ་ལྷན་སྐྱེས་ཡིན་”⑦ཞེས་གསུངས་པའི་ཕྱིར།  འོན་ཀྱང་《མན་རྒྱུད་》དེ་ལས་བུ་རྐྱེན་བསྟན་སྐབས་སུ། “བུ་རྐྱེན་གདོན་དང་སྤྱོད་ལམ་ཁ་ཟས་གསུམ། །བྱིས་པའི་ནད་རིགས་ཉི་ཤུ་རྩ་བཞི་སྐྱེད། །”ཅེས་དང་། བྱིས་ནད་ཀྱི་དབྱེ་བ་བསྟན་སྐབས་སུ་ཡང་། “དབྱེ་བ་ལྷན་སྐྱེས་ནད་དང་གློ་བུར་གཉིས། །མ་ནད་བུ་ལ་ལྷུང་བ་ལྷན་སྐྱེས་ཡིན། །གློ་བུར་ནད་ལ་ཕྲ་རགས་ཞིབ་ཚགས་གསུམ། །ཞིབ་ཚགས་མིག་དང་རྣ་བ་ཁ་ནད་དང་། །རྨེན་བུ་སྲོག་རྩ་ཤ་ནད་སྲིན་ཕོལ་བརྒྱད། །”⑧ཅེས་ནད་དེ་ཉིད་བུ་རྐྱེན་ལས་བསྐྱེད་པ་དང་གློ་བུར་ནད་ཀྱི་ཁོངས་སུ་གཏོགས་པ་དངོས་སུ་གསུངས་ཡོད། འོ་ན་མིག་ནད་སྒྲ་ངན་ལྷན་སྐྱེས་ཀྱི་ནད་ཡིན་བཞིན་དུ་གློ་བུར་ནད་ཁོངས་སུ་འདུ་དགོས་དོན་ཅི་ཟེར་ན།  ཇི་སྐད་དུ།“སྤྱིར་བཏང་བ་ལས་དམིགས་ཀྱིས་བསལ། ། བསྟན་བཅོས་ཀུན་ཡ་རབ་ཏུ་གཅེས། །”ཞེས་གསུངས་པ་ལྟར། མིག་ནད་སྒྲ་ངན་དང་། མ་རླུང་བུར་ཤོར་གྱི་རྣ་ནད་དང་། ཁ་ནད། བཙའ་ཐོར་རམ་གཙུག་ནད་སོགས་འབྱུང་རྐྱེན་གྱི་ཐོག་ནས་ལྷན་སྐྱེས་ནད་ཀྱི་ཁོངས་སུ་གཏོགས་ནའང་། ནད་དེ་རིགས་ནི་ལྷན་སྐྱེས་ནད་རིགས་གཞན་དང་ཅུང་མི་འདྲ་སྟེ། མ་ནད་བུ་ལ་ཤོར་བའམ་ལྷུང་བ་ཡིན་ཡང་སྐྱེས་ནས་དུས་ངེས་ཅན་ཞིག་ཏུ་ནད་ལྡང་བ་ཡིན་ལ་བཅོས་ཐབས་ཀྱང་ཡོད་པས་ཡིན་སྙམ་མོ།    
          མིག་ནད་སྒྲ་ངན་ཞེས་པའི་མིང་གི་སྐོར་ལ་སྐྱེམ་པ་ཚེ་དབང་གིས། ཁོ་བོའི་“བླ་མ་བྱང་པ་ཆོས་མཛད་པ་ནི། མིག      ནད་སྒྲ་ངན་མ་རོག་སྟེ། ལེགས་ཉེས་ཀྱི་པྲ་ངན་པའི་ནད་ཡིན་པས་པྲ་ངན་འབོད་དོ་ཞེས་བཞེད་”⑨ཅེས་དང་། “མིག་གི་ནད་ལ་སྒྲ་ངན་པྲན་ཚེགས་(འཕྲལ་ཚག་)གཉིས་ཞེས་པའི་སྒྲ་ངན་ནི་པྲ་ངན་སོགས་ཏེ། འདི་ལ་སྒྲ་ངན་མ་དག་པྲ་ངན་ཞེས་འདོད་(འདོན་)དགོས་ཏེ་ལེགས་ཉེས་ཀྱི་པྲ་ངན་པའི་དོན་ཏེ། ཞེས་བྱ་(བྱང་)བ་བཀྲ་ཤིས་རྣམ་རྒྱལ་གྱི་གསུང་ངོ་། །སྐྱེས་དུས་ནས་ཚག་ན་པྲ་ངན་ནོ། །རྗེས་སུ་བྱུང་ན་ཕྲལ་ཚག་སོ་སླ །”⑩ཞེས་གསུངས་པ་དང་། ཁྲོ་རུ་ཚེ་རྣམ་མཆོག་གིས།“འདིའི་སྐབས་བྱང་བ་བཀྲ་ཤིས་རྣམ་རྒྱལ་གྱིས་འདི་ལ་སྒྲ་ངན་མ་དག་པྲ་ངན་ཞེས་འདོན་དགོས་ཏེ་ལེགས་ཉེས་ཀྱི་པྲ་ངན་པའི་དོན་ཏེ་ཞེས་གསུངས་ལ། སྐྱེམ་པ་ཚེ་དབང་གིས་ཀྱང་། སྐྱེ་དུས་ནས་ཚག་ན་པྲ་ངན། རྗེས་སུ་བྱུང་ན་འཕྲལ་ཚག་གོ་སླ། ཞེས་གསུངས་ཀྱང་གོང་དུ་མིག་ནད་གསོ་བའི་ལེའུར། བྱིས་པའི་མིག་ནད་སྒྲ་ངན་སོ་སྐྱེ་ཚེ། །མ་ནད་ལས་བྱུང་དམར་ཚ་འབྱར་ཞིང་སྐྲངས། །ཞེས་གསུངས་པ་བཅས་རྒྱུད་ཀྱི་རྩ་ཚིག་གོང་འོག་གཉིས་ཀར་སྒྲ་ངན་ཞེས་གསུངས་པ་བཅས་ལ་གཞིགས་ན་དེ་གཉིས་དོན་གཅིག་པར་སེམས་སོ་”⑩ཞེས་གསུངས་སོ།   
          གཉིས་པ། རྒྱུད་ཚིག་གོང་འོག་ལས་བྱུང་བའི་མིག་ནད་སྒྲ་ངན་གྱི་བཅོས་ཐབས།   
          མིག་ནད་སྒྲ་ངན་ནི། གཅིག་ནས་མིག་ནད་ཡིན་པས་《མན་རྒྱུད་》ཀྱི་མིག་ནད་གསོ་བའི་ལེའུར་དེའི་བརྟག་བཅོས་སྐོར་བསྟན་ཡོད་ལ། གཉིས་ནས་བྱིས་པ་ཁོ་ནར་འབྱུང་བའི་ནད་ཅིག་ཡིན་པའི་ཆ་ནས་《མན་རྒྱུད་》ཀྱི་བྱིས་ནད་གསོ་བའི་ལེའུར་ཡང་དེའི་བརྟག་བཅོས་ཤིག་བསྟན་ཡོད། །སྤྱུར་རྒྱུད་ཚིག་གོང་འོག་གཉིས་ཀྱིས་ནད་སོ་སོར་དམིགས་ནས་བཅོས་ཐབས་བཤད་པ་འདྲ་ཡང་། གོང་འོག་གཉིས་ཀྱི་ནང་དོན་དང་ཚིག་གང་གི་ཆ་ནས་བལྟས་ཀྱང་། ཟློས་སྐྱོན་དང་ནང་འགལ་གྱི་དྲི་མ་དང་བྲལ་ཞིང་ཅིག་ཤོས་གཅིག་གི་གྲོགས་སམ་ཁ་སྐོང་ལྟ་བུར་གྱུར་ཡོད་དེ། 《མན་རྒྱུད་》ཀྱི་མིག་ནད་གསོ་བའི་ལེའུར། “མིག་ནད་སྒྲ་ངན་མ་ནུའི་སྐྱུག་ཁྲུས་བྱ། །སོང་ཕྲོམ་ནིམ་པ་ཧོང་ལེན་སེར་པོ་གཉིས། །ཟངས་ཕྱེ་ནུ་ཞོ་སྦྱར་བ་མིག་ལ་བྱུག །ཆུ་སེར་རྣག་ཁྲག་གྲ་མཚམས་ནས་འཛག་ན། །ཨ་རུ་བུལ་ཏོག་སྦྲང་རྩི་དྲི་ཆུས་བཀྲུ། །དེ་རྗེས་ག་བུར་དོམ་མཁྲིས་སྐྱེར་ཁཎ་བྱུག །”⑿ཅེས་དང་། 《མན་རྒྱུད་》ཀྱི་བྱིས་ནད་གསོ་བའི་ལེའུར། “མིག་གི་ནད་ལ་གསལ་བྱེད་སྨན་མར་བཏང་། །སྐྱེར་ཁཎ་ནུ་ཞོ་སྦྱར་བ་མིག་ཏུ་བླུག །”⒀ཅེས་གསུངས་པ་ལྟར་ཡིན། དོན་དངོས་ཐོག་གོང་མས་མིག་ནད་སྒྲ་ངན་གྱི་དམིགས་བསལ་གྱི་སྒེར་བཅོས་སམ་བྱེ་བྲག་གི་བཅོས་ཐབས་རྒྱས་པར་བསྟན་པ་ཡིན་ལ། ཕྱི་མས་ནི་བྱིས་པའི་མིག་ནད་སྒྲ་ངན་འཕྲལ་ཚག་གཉིས་ཀྱི་སྤྱི་བཅོས་སམ་ཐུན་མོང་གི་བཅོས་ཐབས་ཚིག་ཉུང་དོན་བསྡུས་ནས་བསྟན་པ་ཞིག་ཡིན།   
          གསུམ་པ། མ་ནུའི་སྐྱུག་ཁྲུས་ཞེས་པར་གནའ་དེང་གི་རྒྱུད་འགྲེལ་གྲགས་ཆེ་བ་ཁག་ཏུ་གསལ་ཁ་མེད་ཚུལ་བཤད་པ།   
          དེ་ཡང་《མན་རྒྱུད་》ལས། “མིག་ནད་སྒྲ་ངན་མ་ནུའི་སྐྱུག་ཁྲུས་བྱ་”ཞེས་མ་ནུའི་སྐྱུག་དང་ཁྲུས་བྱ་བ་ནི་མིག་ནད་སྒྲ་ངན་གྱི་དམིགས་བསལ་བཅོས་ཐབས་གལ་ཆེན་ཞིག་ཏུ་བསྟན་པ་ལྟར་སྣང་ཡང་། དོན་དངོས་ཐོག་རྒྱུད་འགྲེལ་གྲགས་ཆེ་བ་《མེས་ཞལ་》དང་། 《སྐྱེམ་འགྲེལ་》 《ཨ་རུའི་ཕྲེང་མཛེས་》སོགས་གནའ་གཞུང་ཁག་གཅིག་དང་། 《ཀྲུང་གོའི་གསོ་རིག་ཀུན་འདུས་ལས་བོད་ཀྱི་གསོ་བ་རིག་པ་》ལྟ་བུའི་དེང་གི་བརྩམས་ཆོས་ཁག་གཅིག་ཏུ་གནད་འདི་ལ་བཟུར་ནས་སོང་བ་ལྟ་བུ་བྱས་ནས་ཚིག་ཟུར་ཙམ་ཡང་བསྟན་མི་འདུག་ལ། རྒྱུད་བཞིའི་རྒྱས་འགྲེལ་《བཻ་སྔོན་》དང་《དྲང་སྲོང་ཞལ་ལུང་》 གཞན་ཉེ་ཆར་བསྒྲིགས་པའི་བོད་ལུགས་གསོ་རིག་ཆེད་ལས་སློབ་དེབ་ཁག་གཅིག་ཏུ། “བྱིས་པའི་མིག་ནད་སྒྲ་ངན་ལ་ནི།  མ་ནུའི་སྐྱུག་དང་ཁྲུས་ཀྱིས་བཅོས་པར་བྱ་”ཞེས་པ་ལྟ་བུའི་ཚིག་འགའ་ཞིག་གསུངས་ཡོད་ནའང་། མ་ནུའི་སྐྱུག་དང་ཁྲུས་གྱི་སྦྱོར་སྡེ་དེ་ཡང་སྙིང་གང་དང་། བསྟེན་ཚུལ་ཅི། ཡང་ན་རྒྱུད་གཞུང་གང་ནས་བསྟན་པ་ཡིན་ཚུལ་སོགས་གསལ་ཁ་བྱུང་མེད་དེ། དཔེར་ན། 《བཻ་སྔོན་》དུ།“མིག་ནད་སྒྲ་ངན་གཉིས་ལ་མ་ནུའི་སྐྱུགས་དང་ཁྲུས་ཀྱིས་བཅོས་བྱ་ཞིང་” ⒁ཞེས་པ་ཙམ་དང་། 《དྲང་སྲོང་ཞལ་ལུང་》ལས། “མིག་ནད་སྒྲ་ངན་ལ་ནི། མ་ནུའི་སྐྱུགས་དང་ཁྲུས་ཀྱིས་བཅོས་བྱ་”⒂ཞེས་དང་། དུས་རབས་ཉི་ཤུ་རྩ་གཅིག་པའི་བོད་ལུགས་གསོ་རིག་དངོས་ཚན་སློབ་གསོའི་འཆར་འགོད་སློབ་དེབ་ཀྱི་ཡ་གྱལ་《ལུས་སྟོད་གསོ་བ་》རུ་ཡང་། “མིག་ནད་སྒྲ་ངན་ལ་ནི། མ་ནུའི་སྐྱུགས་དང་ཁྲུས་ཀྱིས་བཅོས་བྱ་”⒃ཞེས་《དྲང་སྲོང་ཞལ་ལུང་》དུ་གསུང་པ་ནང་བཞིན་བཀོད་པ་ལས་དཔྱད་པ་འམ་གསལ་བཤད་ཅི་ཡང་མཛད་མེད་པ་ལྟ་བུའོ།   
          བཞི་པ། མ་ནུའི་སྐྱུག་ཁྲུས་ཞེས་པའི་བཅོས་ཚུལ་ལམ་སྦྱོར་སྡེ་ཞིག་《རྒྱུད་བཞི་》རུ་རྙེད་དུ་མེད་ཚུལ་བཤད་པ།   
          མ་ནུའི་སྐོར་ལ་《མན་རྒྱུད་》ལས། “མ་ནུ་པ་ཏྲས་རླུང་ཁྲག་ཚ་པ་སེལ་”⒄ཞེས་”གསུངས་པ་དང་། 《ཤེལ་གོང་ཤེལ་ཕྲེང་》ལས། “བཤད་བྱ་དངོས་ནི་མ་ནུ་པ་ཏྲ། ཞེས་པའི་པ་ཏྲ་ནི། ལོ་འདབ་དང་གོས་ལ་འཇུག་པས། སྐཔས་འདིར་ཡིད་འོང་འདབ་མ་ཅན་ནོ། ངོ་བོ་ནི་བདུད་རྩི་རྫིང་བུ་རུ། མ་ནུ་པ་ཏྲ་ཞེས་བྱ་བ། །ལྷོ་བལ་རིག་པའི་འབྱུང་གནས་དང་། །བསོད་ནམས་ལྡན་པའི་ལྡུམ་རར་སྐྱེ །རྩ་བ་དུང་གི་ཆོ་ལོ་འདྲ། །ལོ་མ་གཡུ་ལོ་གྱེན་དུ་འབར། །རྒྱབ་ལ་དངུལ་གྱི་བ་སྤུ་ཆགས། །རོ་ནི་མངར་ཁ་ཚ་བ་ལ། །ཞུ་རྗེས་མངར་སྐྱུར་ལྡན་པར་ཞུ། །རང་གི་ནུས་པས་རླུང་ཁྲག་དང་། །བད་ཀན་ཚ་བ་སེལ་བྱེད་ཅིང་། ། ཕོ་བའི་ལྷེན་དང་བད་མཁྲིས་འཇོམས། །ཞེས་དང་། སྨན་གྱི་བྱིངས་ལས། མ་ནུ་པ་ཏྲ་ནི་མངར་པའི་ཁ་པ་ཚ་བའོ་ཞེས་དང་། གཏེར་མཛོད་ལས། མ་ནུ་པ་ཏྲ་མངར་ཞིང་ཁ། །ཚ་བའི་རོ་དང་ལྡན་པ་ལས། །ཞུ་རྗེས་མངར་ཞིང་སྐྱུར་བར་ཞུ། །རླུང་ཁྲག་ཚ་བ་ བད་གན་སེལ། །སྣུམ་བསིལ་རྣོ་དྲོ་ལྡན་པ་ཡིས། །ནུས་པའི་ཁྱད་པར་ལྡན་པ་ཡིན། །ཞེས་གསུངས་སོ། ད་ལྟ་ཡུལ་ཕལ་མོ་ཆེའི་ལྡུམ་རར་རྩ་བ་འཛུགས་པའི་མ་ནུ་འདིའོ། །ཕལ་ཆེར་པ་ཏྲ་ཞེས་པ་ལོ་མ་ཡིན་པས་ལོ་མ་གཏོང་དགོས་གསུངས་པ་སྒྲ་ཡིན་ཡང་དོན་མིན་པས་རྩ་བ་དགོས་སོ་”⒅ཞེས་ཞིབ་པར་བསྟན་གནང་ཡང་མ་ནུར་སྐྱུགས་འདྲེན་ནམ་ཐུར་སྦྱོངས་ཀྱི་ནུས་པ་ཡོད་ཚུལ་གསུངས་མེད་པ་དང་། གཞན་སྤྱིར་མ་ནུ་ཞེས་པའི་མིང་ཅན་མ་ནུ་པུཥྐར་དང་། མ་ནུ་རུ་རྟ་དང་། མ་ནུ་རྟ་སྐམ་དང་།  མ་ནུ་ཤུ་ཟུར་དང་།  མ་ནུ་ཁྲག་ཅན་དང་།  མ་ནུ་གསེར་ཤིང་སོགས་ཡོད་ཀྱང་དེ་དག་ལ་འཁྲུ་བའམ་སྐྱུགས་པའི་ནུས་པ་ཡོད་ཚུལ་བཤད་པ་ནི་མ་མཐོང་ངོ་།   
          དེ་བཞིན་རྒྱུད་ཕྱི་མའི་ཞི་བྱེད་སྨན་གྱི་མདོར། མ་ནུའི་མིང་ཅན་ནམ་མ་ནུ་གཙོ་བོར་གྱུར་པའི་བཤལ་བའམ་སྐྱུག་པའི་ཕན་ནུས་ཅན་གྱི་སྦྱོར་སྡེའི་སྐོར་ཞིག་མེད་ཁར།  སྦྱོང་བྱེད་ལས་ཀྱི་མདོའི་བཤལ་གྱི་ལེའུར་བཤལ་གྱི་སྦྱོར་སྡེ་ནད་ཀུན་ཏུ་རྒྱུག་པའི་སྤྱི་བཤལ་དེད་དཔོན་བཞི་སྦྱོར་དང་བཅུ་སྦྱོར་སྐོར་གླེང་སྐབས། “མ་ནུ་རྒྱམ་ཚ་པི་པི་ལིང་དང་གསུམ། །ཕོ་བའི་ནད་རྣམས་སྦྱོང་པར་བྱེད་པ་ཡིན། ། ”ཞེས་དང་། “བསེ་ཡབ་འུ་སུ་པུས་ཀར་མཱུ་ལ་བསྡེབས། །བད་ཀན་སྨུག་པོའི་ནད་རྣམས་སྦྱོང་པར་བྱེད། །”ཅེས་མ་མུ་དང་འབྲེལ་བ་ཅུང་ཟད་ཡོད་པའི་སྦྱོར་སྡེ་རེ་བརྗོད་ནའང་ཕན་ནུས་ཐད་མིག་ནད་སྒྲ་ངར་དང་འབྲེལ་བ་མེད་ལ། “ཨ་པ་ཨ་རུ་ར་དང་ལྕགས་དྲེག་བསྡེབས། །མིག་གི་ནད་རྣམས་སྦྱོང་བར་བྱེད་པ་ཡིན། །”ཞེས་མིག་ནད་ལ་ཕན་པར་བརྗོད་ཀྱང་མ་ནུ་དང་འབྲེལ་བ་ཅི་ཡང་མེད། གཞན་ལྔ་སྐྱུག་གི་ལེའུ་སོགས་ལེའུ་ཕྱི་མ་རྣམས་སུ་མ་ནུ་གཙོ་བོར་གྱུར་པའི་སྐྱུག་ཁྲུས་ཀྱི་ཕན་ནུས་ཅན་གྱི་སྦྱོར་སྡེའི་སྐོར་ཞིག་བསྟན་མེད་དོ།   
          ལྔ་པ། “མིག་ནད་སྒྲ་ངན་མ་ནུའི་སྐྱུག་ཁྲུས་བྱ”་ཞེས་པའི་རྒྱུད་ཚིག་ཐད་《རྒྱུད་བཞི་》ཡི་དཔར་མི་འདྲ་བ་སོ་སོར་དཔྱད་བསྡུར་བྱས་ན་མི་མཐུན་པའི་ཆ་ཡོད་ཚུལ་བསྟན་པ།   
          “མིག་ནད་སྒྲ་ངན་མ་ནུའི་སྐྱུག་ཁྲུས་བྱ་”ཞེས་པའི་རྒྱུད་ཚིག་ཐད་ཅུང་སྔ་ཙམ་ནས་དོགས་པ་ཤར་ཞིང་། དེའི་སྐོར་ལ་《རྒྱུད་བཞི་》དཔར་མི་འདྲ་བར་དཔྱད་བསྡུར་གྱིས་དོན་དངོས་གསལ་རྟོགས་བྱེད་རྒྱུའི་འདུན་པ་དྲག་པོ་ཞིག་སྐྱེས་ཀྱང་ཆ་རྐྱེན་མ་འཛོམས་པའི་ཁར། གྱི་ན་བ་ཕྲན་ལྟ་བུས་ཡོང་བ་ཞིག་གཏན་ནས་མིན་བསམ་བཞིན་ཡུན་རིང་ལུས། འོན་ཀྱང་སྟབས་ལེགས་པ་ཞིག་ལ། སློབ་དཔོན་ཆེན་མོ་རྗེ་བསྟན་འཛིན་དོན་གྲུབ་མཆོག་ནས། སྡེ་དགེའི་དཔར་མ་བསྡུར་གཞིར་བྱས་ནས་《གྲྭ་ཐང་རྒྱུད་བཞི་》སོགས་དཔར་གཞི་མི་འདྲ་བ་ཁག་བཅུ་གཅིག་ལ་ཞིབ་ཏུ་གཏུགས་ཤིང་། ཕན་ཚུན་བསྡུར་ནས་རྩོམ་སྒྲིག་མཛད་པའི་《དཔལ་ལྡན་རྒྱུད་བཞི་དཔེ་བསྡུར་མ་》ཞེས་པ་བསྟན་འགྲོའི་བསོད་ནམས་ཀྱི་དཔལ་དུ་སྨིན་བྱུང་བས། འདིར་དད་གུས་ཚད་མེད་ཀྱི་སྒོ་ནས་ཁོང་གི་བསྡུར་འབྲས་སམ་དཔྱད་འབྲས་ཀྱི་ཆ་ཙམ་ཞིག་བླངས་ནས་རྩོམ་འདིའི་སྒྲུབ་བྱེད་དུ་བཀོད་ན་འདི་ལྟར།  “མིག་ནད་སྒྲ་ངན་མ་ནུའི་སྐྱུག་ཁྲུས་བྱ་”⒆ཞེས་དང། “《སྒམ་》བུ་”⒇ཞེས་པ་སོགས་མ་ནུའི་ཞེས་པའི་རྒྱུད་ཚིག་ཐད་གྲྭ་ཐང་དཔར་མ་དང།  རྟག་བརྟན་དཔར་མ།  ལོ་རོའམ་ལོར་དཔར་མ། རྫོང་དཀར་དཔར་མ། དགའ་ལྡན་ཕུན་ཚོགས་གླིང་གི་དཔར་མ། རྩེ་པོ་ཏ་ལའི་དཔར་རྗེས་མ། ལྕགས་པོ་རིའི་དཔར་མ། པེ་ཅིན་དཔར་མ། སྐུ་འབུམ་དཔར་མ། བླ་བྲང་དཔར་མ་བཅས་ཀྱིས་སྡེ་དགེའི་དཔར་མ་ནང་བཞིན་“མ་ནུའི་”ཞེས་བཀོད་ཡོད་ཚུལ་དང་། སྒམ་པོའི་དཔར་མར་“མ་བུ་”ཞེས་བཀོད་ཡོད་ཚུལ་གསལ་པོར་བསྟན་གནང་ཡོད།  
           དྲུག་པ། མ་ནུའི་སྐྱུག་ཁྲུས་བྱ་ཞེས་པའི་“ནུའི་”ཞེས་པ་ནི་ཡིག་ནོར་ཡིན་ཚུལ་བསྟན་པ།   སློབ་དཔོན་དཔའ་བོས་མཛད་པའི་《ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་》དང་དེའི་རང་འགྲེལ་ཁ་ཆེ་ཟླ་བ་མངོན་པར་དགའ་བས་མཛད་པའི་《སྨན་དཔྱད་ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་》སོགས་རྒྱ་གར་གྱི་གསོ་དཔྱད་གཞུང་དང་། ལྷག་པར་དུ་ལོ་ཆེན་རིན་ཆེན་བཟང་པོས་བོད་དུ་པསྒྱུར་བ་དེ་དག་ནི་《དཔལ་ལྡན་རྒྱུད་བཞི》མཛད་སྐབས་སུ་དཔྱད་གཞི་གཙོ་བོའི་གྲས་སུ་མཛད་ཚུལ་སྔོན་བྱོན་མཁས་པའི་གསུང་དང་《རྒྱུད་བཞི་》ཡི་ཚིག་དོན་གཉིས་ཀྱི་ཆ་ནས་རྟོགས་ཐུབ་ལ། གཞུང་དེ་དག་ཀྱང་《དཔལ་ལྡན་རྒྱུད་བཞི་》ལ་ཞིབ་འཇུག་དང་དེའི་ནང་དོན་ཇི་བཞིན་རྟོགས་པར་དགོས་ངེས་ཀྱི་དཔྱད་གཞིའི་རྒྱུ་ཆའམ་ཆ་ལག་གི་གྲས་ཤིག་ཡིན་པ་བཤད་མི་དགོས། རྒྱུ་མཚན་དེ་འདྲ་ལ་བརྟེན་ནས་འདིར་ཡང་《ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་》དང་འགྲེལ་པ་《ཟླ་ཟེར་》གཉིས་ནང་འཁོད་པའི་འབྲེལ་ཡོད་མིག་ནད་སྒྲ་ངན་གྱི་བརྟག་བཅོས་ནང་དོན་ཁག་གཅིག་ལ་དབྱེ་ཞིབ་བགྱིས་ན། དེ་ཡང་《ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་》རུ། “བྱིས་པ་སོ་སྐྱེས་ཚེན་འབྱུང་། །དེས་ནི་བྱིས་པའི་མིག་སྐྲང་ཞིང་། །མིག་དམར་ལྟ་བར་མི་ནུས་ལ། །མིག་མཆུ་གཟེར་ཞིང་སྤྱི་བག་འཛག །རྣ་བ་སྣ་དང་མིག་ཉེད་བྱེད། །གང་ཡིན་དེ་ནི་སྒྲ་ཡན་ཡིན། །”(21)ཞེས་ནད་དེ་ལྡང་དུས་ཀྱི་ནད་རྟགས་བཅས་《དཔལ་ལྡན་རྒྱུད་བཞི་》ཡི་འབྲེལ་ཡོད་ནང་དོན་དང་ཁྱད་པར་ཆེར་མེད་པ་གསུངས་ནའང་། མ་ནུའི་ཞེས་པ་ཚིག་ཟུར་ལ་མ་བྱུང་ལ། གཞན་བཅོས་ཀྱི་ཐད་ལ་ཡང་དེ་ལས། “སྒྲ་ངན་ལ་ནི་སེང་ལྡེང་དང་། །ནིམ་པའི་ལོ་མ་འབྲས་བུ་གསུམ། །མར་དང་སྦྱར་བའམ་པི་པི་ལིང་། །ཤིང་མངར་རྒྱམ་ཚ་བསྐོལ་བ་ནི། །མ་མས་(མར་)བླུད་དེ་སློན་དུ་གཞུག །རྒུན་འབྲུམ་དང་ནི་ཨ་རུ་ར། །པི་པི་ལིང་བསྐོལ་བཀྲུ་སྨན་སྦྱིན། །”ཞེས་དང་།“བྱིས་པ་འོ་མར་བསྟེན་པས། །ཕལ་ཆེར་བད་ཀན་ནད་འབྱུང་བས། །དེ་བས་དང་པོར་སྐྱུག་སྨན་ཉིད། །ནད་ཀུན་ལ་ནི་བསྔགས་པ་ཡིན། །ལྕེ་མྱང་ཚ་དང་པི་པི་ལིང་། །ཨ་པ་མརྒའི་འབྲས་བུ་མར། །འོ་མ་ཤུ་དག་སྦྲང་རྩིར་བཅས། །པོ་སོན་ཆ་ནི་ཤིང་མངར་བཅས། །འོ་མ་ཁ་ཟས་འོ་མ་དང་། །ཟས་ལ་བརྟེན་པའི་བྱིས་པ་ལ། །རིམ་བཞིན་བླུད་པས་ནད་ཀུན་ནི། །སྦྱང་བར་བྱ་ཕྱིར་སློན་སྨན་གཏང་ །མཆོག་ཏུ་སྒྲ་ངན་ནད་ལ་ཕན། །”(22)ཞེས་སོགས་གསུངས་པ་དེ་དག་གི་དོན་གསལ་བ་ནི་འགྲེལ་པ་《ཟླ་ཟེར་》ལས། “སྒྲ་ངན་ཞེས་བྱ་བའི་མིག་མཆུའི་ནད་ནི་བྱིས་པ་སོ་སྐྱེ་བ་ཉིད་ཀྱི་ཚེ་ན་འབྱུང་ཞིང་དེ་རྒྱུར་གྱུར་པ་ཡིན་ཏེ། ནད་དེས་བྱིས་པའི་མིག་སྐྲངས་པ་ལ་སོགས་པའི་མཚན་ཉིད་དང་ལྡན་ཞིང་རྣ་བ་དང་སྣ་དང་མིག་ལག་པས་ཉེད་པར་བྱེད་དེ། དེའི་མིང་ནི་སྒྲ་ངན་པ་ཞེས་བྱའོ་”(23)ཞེས་དང་། “སྒྲ་ངན་ཞེས་བྱ་བའི་བྱིས་པའི་མིག་མཆུའི་ནད་ལ་ནི་སེང་ལྡེང་ལ་སོགས་པའི་སྨན་བསྐོལ་བའི་ཁུ་བ་བླུད་ལ་མ་མ་སློན་དུ་གཞུག་ལ། དེའི་འོག་ཏུ་པི་པི་ལིང་ལ་སོགས་པ་བསྐོལ་བས་སློན་དུ་གཞུག་པར་བྱའོ་”(24)ཞེས་དང་།“དེའི་འོག་ཏུ་མ་མ་དེ་ལ་རྒུན་འབྲུམ་ལ་སོགས་པ་བསྐོལ་བའི་སྐྱུག་སྨན་སྦྱིན་པར་བྱའོ་”(25)ཞེས་དང་། “བྱིས་པ་ནི་འོ་མ་དང་མར་ལ་བརྟེན་ཅིང་བད་ཀན་གྱི་ནད་འབྱུང་བར་འགྱུར་བས། དེའི་ཕྱིར་བྱིས་པའི་ནད་ཐམས་ཅད་ལ་དང་པོ་ཁོ་ནར་སྐྱུག་སྨན་བཏང་ན་ནད་ཀུན་ལ་བསྔགས་ཤིང་ཕན་པ་ཡིན་ནོ་”(26)ཞེས་དང་། “བྱིས་པའི་ནད་ཐམས་ཅད་ལ་ནི་ལྕེ་མྱང་ཚལ་སོགས་པའི་སྨན་དང་མར་དང་འོ་མ་དང་། སྦྲང་རྩི་སྦྱར་བའི་སྐྱུག་སྨན་བཏང་བ་ནི། འོ་མ་ལ་བརྟེན་པ་བསྔགས་པ་ཡིན་ནོ། ཁ་ཟས་དང་འོ་མ་གཉིས་ལ་བརྟེན་པ་ལ་ནི་ཤུ་དག་གི་ཕྱེ་མ་སྦྲང་རྩི་དང་བཅས་པའི་སྐྱུག་སྨན་ནད་ཐམས་ཅད་ལ་བསྔགས་པ་ཡིན་ནོ། ཟས་འབའ་ཞིག་ལ་བརྟེན་པའི་བྱིས་པ་ལ་ནི་པོ་སོན་ཆ་དང་ཤིང་མངར་སྦྱར་བའི་སྐྱུག་སྨན་ནད་ཐམས་ཅད་ལ་ནི་བསྔགས་པ་ཡིན་ཏེ། དེ་ལྟར་ན་འོ་མ་འཐུང་བ་དང་འོ་མ་དང་ཁ་ཟས་གཉིས་ཀ་ལ་བརྟེན་པ་དང་། ཟས་འབའ་ཞིག་ལ་བརྟེན་པ་དག་ལ་རིམ་བཞིན་དུ་སྦྱར་བར་བྱ་སྟེ། དེ་ལས་ཀྱང་ཁྱད་པར་དུ་ནི་སྒྲ་ངན་ཞེས་བྱ་བའི་མིག་མཆུའི་ནད་ལ་ཕན་པ་ཡིན་ནོ་”(27)ཞེས་སོགས་རྒྱས་པར་གསུངས་ཡོད་ནའང་། མ་ནུའི་ཞེས་པའི་ཚིག་ཟུར་ཙམ་ཡང་རྙེད་དུ་མེད་ཁར་འཁྲུ་སྐྱུག་གི་སྨན་སྦྱོར་རྒྱ་ཆེར་བསྟན་པ་དེ་དག་དང་མ་ནུའི་དབར་འབྲེལ་བ་སྤུ་ཙམ་ཡང་མེད་ཅིང་། སྦྱོར་བ་དེ་དག་བླུད་སའམ་སྦྱིན་ས་ནི་མིག་ནད་སྒྲ་ངན་ན་མཁན་བྱིས་པ་དེ་ཉིད་དམ་ལང་ན་ནུ་ཞོ་སྣུན་མཁན་མ་མའམ་ཡང་ན་དེ་གཉིས་ཀར་ཡིན་ཚུལ་གསལ་པོར་བསྟན་གནང་ཡོད་པས། 《རྒྱུད་བཞི་》སྡེ་དགེའི་དཔར་མ་སོགས་སུ་བསྟན་པའི་“མིག་ནད་སྒྲ་ངན་མ་ནུའི་སྐྱུག་ཁྲུས་བྱ་”ཞེས་པའི་ནུའི་ནི་ཡིག་ནོར་རྒྱུན་འབྱམས་སུ་སོང་བ་ཞིག་ཡིན་པར་ཁོ་བོས་འདོད། དེ་ནི་རྒྱུད་འགྲེལ་ལ་ལར་“རྒྱུད་ཚིག་སླ་རྣམས་དྲུག་སྒྲའི་རིང་སྤེལ་དང་། དཀའ་གནད་བརྗོད་མེད་ཡན་པོར་བཏང་བའི་སྐྱོན་”ཞེས་གསུངས་པ་ལྟར། ལ་ལས་དེའི་ཐད་བསམ་བཞིན་བཟུར་ནས་སོང་ཞིང་ལ་ལས་ཕྲད་བཅུག་ནས་ཚིག་རིང་དུ་སྤེལ་བ་ཙམ་ལས་དཀའ་གནད་བརྗོད་མེད་པ་སོགས་ལྐོག་གྱུར་གནད་དོན་རྟོགས་ཐབས་བྱས་མེད་པས་ལན་སྙམ། གང་ལྟར་སྒམ་པོའི་དཔར་མར། “མིག་ནད་སྒྲ་ངན་མ་བུ་སྐྱུག་ཁྲུས་བྱ་”ཞེས་གསུངས་པ་ནི་ཡང་དག་པ་ཞིག་ཡིན་སྙམ་མོ།   
          བདུན་པ། བྱིས་ནད་སྤྱི་བཅོས་ཀྱི་རྩ་དོན་ཐོག་ནས་མ་མའམ་མ་བུ་སྐྱུག་ཁྲུས་བྱ་བར་གོ་དགོས་ཚུལ་བཤད་པ།  
           དེ་ཡང་གོང་དུ་བཤད་པ་ལྟར། མིག་ནད་སྒྲ་ངན་ནི་བྱིས་པར་འབྱུང་བའི་མིག་ནད་མིག་མཆུའི་ནད་ཅིག་ཡིན་ཞིང་། ནད་ལྡང་བའི་དུས་ཀྱང་སོ་སྐྱེ་བའི་ཚེ་ཡིན་ལ། བྱིས་པར་སེའུ་སྐྱེ་འགོ་ཚུགས་པའི་དུས་ནི་ཕལ་ཆེར་བཙས་ནས་ཟླ་དྲུག་བདུན་ཙམ་ལོན་པ་ནས་ཡིན། བྱིས་པའི་ནད་བཅོས་པར་སྤྱིར་ཞོ་འཐུང་དུས་དང་། ཟས་འདྲེས་དུས། ཞོ་སྤངས་ཟས་ཟའི་དུས་བཅས་དུས་སྐབས་གསུམ་དུ་དབྱེ་ཞིང་། དུས་སྐབས་གསུམ་སོ་སོར་བཅོས་ཚུལ་མི་འདྲ་བ་བསྟེན་པའི་རྩ་དོན་ལྟར་ན། སྐབས་འདིར་ནི་ནུ་ཞོའང་འཐུང་ལ་ཟས་ཀྱང་བསྟེན་པ་སྟེ། ཟས་འདྲེས་ཀྱི་དུས་ཡིན་པས་སྨན་དང་དཔྱད་ཀྱི་བཅོས་(ཟས་སྤྱོད་ཀྱང་དེ་བཞིན་ཡིན།) ནི་མ་བུ་གཉིས་ཀར་བྱ་དགོས་ཚུལ་《མན་རྒྱུད་》ལས། “ཞོ་འཐུང་དུས་ན་སྨན་དཔྱད་མ་ལ་བྱ། །ཟས་འདྲེས་དུས་ན་མ་བུ་གཉིས་ཀ་ལ། །ཞོ་སྤངས་ཟས་ཟའི་དུས་ན་བུ་ལ་བྱ། །”(28)ཞེས་གསུངས་པ་ལྟར་ཡིན་ཕྱིར། མིག་ནད་སྒྲ་ངན་གྱི་ནད་ལ་མ་མའམ་མ་བུ་གཉིས་ཀར་སྐྱུག་དང་བཤལ་སྨན་ལ་བསྟེན་ནས་སློན་ཁྲུས་བྱ་དགོས་པ་ཡིན། དེས་ན་《ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་》རུ་སྒྲ་ངན་ནད་ལ་བུ་ཁོ་ནར་བསྟེན་པའི་སྐྱུག་བཤལ་གྱི་སྨན་ཡང་བསྟན་པ་དེ་ནི་སོ་སྐྱེ་བའི་ཚེ་རྐྱེན་སྣ་ཚོགས་ཀྱིས་མའི་ནུ་ཞོ་བསྟེན་རྒྱུ་མེད་པར་ཟས་ཁོ་ནར་བརྟེན་པའང་འབྱུང་སྲིད་པས་སོ།  
           བརྒྱད་པ། མཇུག་བསྡུ་བའི་གཏམ།   
          དེ་ལྟར་“མིག་ནད་སྒྲ་ངན་མ་ནུའི་སྐྱུག་ཁྲུས་བྱ་”ཞེས་པའི་ནུའི་སྐྱུག་ཁྲུས་ཞེས་པའི་ནུའི་ནི་ཡིག་ནོར་ཡིན་པར་འདོད་པ་དང་། “མིག་ནད་སྒྲ་ངན་མ་བུ་སྐྱུག་ཁྲུས་བྱ་”ཞེས་སམ་ཡང་ན། “མིག་ནད་སྒྲ་ངན་མ་མ་སྐྱུག་ཁྲུས་བྱ་”ཞེས་པ་ཡང་དག་པ་ཞིག་ཡིན་སྙམ་པའི་ལྟ་བ་བསྟན་པ་དེ་དག་ནི་དོན་མེད་དོན་ལོག་གི་གཏམ་དུ་མི་འགྲོ་བའི་ངེས་པའང་མེད་ལ། གལ་སྲིད་གནས་ལུགས་ཅུང་ཟད་ཡོད་པའི་དབང་དུ་བཏང་ན་ཡང་དེ་བསྟུན་གྱི་དོགས་པ་ཡང་མི་ཉུང་བ་ཞིག་བསྐྱེད་པས་ཐེ་ཚོམ་གྱི་དྲ་རྒྱར་ཚུད། རྒྱུ་མཚན་དེའི་ཕྱིར་དོགས་སློང་མཁས་པའི་ལེགས་བཤད་འདྲེན་པའི་བསུ་མའི་ཚུལ་དུ་འདི་ཙམ་གྱིས་འཐུས་པར་བྱས་ལ། སླད་ཕྱིན་དེ་དང་དེ་འདྲའི་སྐོར་ཇེ་གསལ་ཡོང་ཆེད་རང་ཅག་ཚང་མས་འབད་པ་ལྷུར་ལེན་བྱེད་དགོས་སོ། །
          ལུང་འདྲེན་དཔྱད་ཡིག①②④⑤⑥⑦⑧⑿⒀⒄(28)《བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་》གཡུ་ཐོག་ཡོན་ཏན་མགོན་པོས་མཛད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། སྤྱི་ལོ་༡༩༨༢ལོའི་ཟླ་༣པར་དཔར་བཏབ། ཤ༢༧༥ ཤ༢༧༥ ཤ༢༧༦ ཤ༣༦༥ ཤ༣༦༢ ཤ༣༦༢ ཤ༣༦༢ -༣༦༣ ཤ༣༧༢ ཤ༧༠ ཤ༣༦༦
          ③《ཀྲུང་གོའི་གསོ་རིག་ཀུན་འདུས་ལས་བོད་ཀྱི་གསོ་བ་རིག་པ་》སྨད་ཆ། 《ཀྲུང་གོའི་གསོ་རིག་ཀུན་འདུས་ལས་བོད་ཀྱི་གསོ་བ་རིག་པ་》ཡི་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་ནས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། སྤྱི་ལོ་༡༩༩༡ལོའི་ཟླ་༢པར་དཔར་བཏབ། ཤ༡༥༩
          ⑨⑩《རྒྱུད་བཞིའི་རྣམ་བཤད་》སྐྱེམ་པ་ཚེ་དབང་གིས་མཛད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་༢༠༠༠ལོའི་ཟླ་༤པར་དཔར་བཏབ། ཤ༦༩༢ ཤ༧༥༤
          ⑾⒂《གསོ་རིག་རྒྱུད་བཞིའི་འགྲེལ་ཆེན་དྲང་སྲོང་ཞལ་ལུང་》ཁྲོ་རུ་ཚེ་རྣམ་གྱིས་མཛད། (དེབ་གསུམ་པ། མན་རྒྱུད་ཀྱི་འགྲེལ་པ་སྨད་ཆ་) སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སྤྱིལོ་༢༠༠༡ལོའི་ཟླ་༡༠པར་དཔར་བཏབ། ཤ༢༣༤~༢༣༥ ཤ༦༦༩
          ⒁《གསོ་བ་རིག་པའི་བསྟན་བཅོས་སྨན་བླའི་དགོངས་རྒྱན་རྒྱུད་བཞིའི་གསལ་བྱེད་བཻཌཱུརྱ་སྔོན་པོའི་མལླཱི་ཀ་》སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། སྤྱི་ལོ་༡༩༨༢ལོའི་ཟླ་༣པར་དཔར་བཏབ། ཤ༦༨༨
          ⒃《ལུས་སྟོད་གསོ་བ་》(དུས་རབས་༢༡པའི་བོད་ལུགས་གསོ་རིག་དངོས་ཚན་སློབ་གསོའི་འཆར་འགོད་སློབ་དེབ་)ཐམ་ག་ངག་དབང་རྒྱ་མཚོ་སོགས་ཀྱིས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང། སྤྱི་ལོ་༢༠༠༤ལོའི་ཟླ་༧པར་དཔར་བཏབ། ཤ༤༢
          ⒅《ཤེལ་གོང་ཤེལ་ཕྲེང་》དེའུ་དམར་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད། མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་༢༠༠༥ལོའི་ཟླ་༦པར་དཔར་བཏབ། ཤ༢༣༨ ~༢༣༩
          ⒆⒇《དཔལ་ལྡན་རྒྱུད་བཞི་དཔེ་བསྡུར་མ་》(དེབ་གཉིས་པའི་སྟོད་ཆ) རྗེ་བསྟན་འཛིན་དོན་གྲུབ་ཀྱིས་རྩོམ་སྒྲིག་མཛད། སི་ཁྲོན་དཔེ་སྐྲུན་ཚོགས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང། སྤྱི་ལོ་༢༠༡༠ལོའི་ཟླ་དང་པོར་དཔར་བཏབ། ཤ༤༦༩ ཤ༤༨༢
          (21)(22)བསྟན་འགྱུར་ནང་གི་གསོ་བ་རིག་པའི་སྐོར་གྱི་དཔེ་ཚོགས་《གསོ་བ་རིག་པའི་རྩ་འགྲེལ་བདམས་བསྒྲིགས་》⑴ འཕགས་པ་ཀླུ་སྒྲུབ་དང་ཕ་ཁོལ་གྱིས་མཛད། མི་རིགས་དཔེ་སྐྲུན་ཁང། སྤྱི་ལོ་༡༩༨༩ལོའི་ཟླ་༦པར་དཔར་བཏབ། ཤ༦༠༡ ཤ༦༠༤
          (23)(24)(25)(26)(27)བསྟན་འགྱུར་ནང་གི་གསོ་བ་རིག་པའི་སྐོར་གྱི་དཔེ་ཚོགས་《གསོ་བ་རིག་པའི་རྩ་འགྲེལ་བདམས་བསྒྲིགས་》(4)ཟླ་བ་མངོན་པར་དགའ་བས་མཛད། མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་༡༩༩༦ལོའི་ཟླ་༦པར་དཔར་བཏབ། ཤ༦༣༣ ཤ༦༤༡ ཤ༦༤༡ ཤ༦༤༢ ཤ༦༤༢
རྩོམ་སྒྲིག་པ། བདེ་སྒྲོལ།