ཟླ3པའི་ཚེས3ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། ཚོགས་ཆེན་གྱི་གསར་འགྱུར་མགྲིན་ཚབ་པ་ལིའུ་ཅེ་དབྱི་ཡིས་ཀྲུང་ཕྱིའི་སྨྱན་སྦྱོར་ལ་ད་ཐེངས་ཚོགས་ཆེན་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་དང་འབྲེལ་གསར་འགོད་པའི་དྲི་བར་ལན་ཡང་བརྒྱབ་པ་རེད།
ཟླ3པའི་ཚེས3ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་ཤིང་། ཚོགས་ཆེན་གྱི་གསར་འགྱུར་མགྲིན་ཚབ་པ་ལིའུ་ཅེ་དབྱི་ཡིས་ཀྲུང་ཕྱིའི་གསར་འགྱུར་སྨྱན་སྦྱོར་ལ་ད་ཐེངས་ཚོགས་ཆེན་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་དང་འབྲེལ་གསར་འགོད་པའི་དྲི་བར་ལན་བརྒྱབ་བཞིན་པ།
ལིའུ་ཅེ་དབྱི་ཡིས་ངོ་སྤྲོད་བྱས་དོན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པ་ནི་ཟླ3པའི་ཚེས4ཉིན་གྱི་ཕྱི་དྲོའི་ཆུ་ཚོད3པར་མི་དམངས་ཚོགས་ཁང་ཆེན་མོར་འགོ་ཚུགས་ནས། ཟླ3པའི་ཚེས10ཉིན་གྱི་སྔ་དྲོ་གྲོལ་རྒྱུ་དང་། ཚོགས་ཡུན་ཉིན6ཡིན།
ཚོགས་ཆེན་གྱི་གྲོས་རིམ་གཙོ་བོ་ནི། རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་དང་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྙན་ཞུར་གསན་ཞིབ་གནང་རྒྱུ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པར་ཟུར་ཞུགས་གནང་ནས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་འབྲེལ་ཡོད་སྙན་སྒྲོན་གཞན་དག་ལ་གསན་རྒྱུ་དང་གྲོས་བསྡུར་གནང་རྒྱུ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་ཆབ་སྲིད་གྲོས་ཆོད་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྙན་ཞུའི་གྲོས་ཆོད། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་གྲོས་གཞིར་ཞིབ་བཤེར་བྱས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་གྲོས་ཞིབ་གནང་ནས་གྲོས་འཆམ་གནང་རྒྱུ་རེད།
ཚོགས་ཆེན་འཚོག་པའི་རིང་ལ་འགོ་ཚུགས་ཚོགས་འདུ་དང་མཇུག་འགྲིལ་ཚོགས་འདུ་དང་དེ་བཞིན་ཚོགས་ཆེན་གྱི་གཏམ་བཤད་ཐེངས་གཉིས་བྱ་རྒྱུ་དང་། ཨུ་ཡོན་གྱི་བཞུགས་གནས་ཁག་ཏུ་རིགས་ཁོངས་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུ་དང་ཨུ་ཡོན་གྱི་རིགས་ཁོངས་ཚོགས་ཆུང་གི་ཚོགས་འདུ་ཐེངས་མང་འཚོག་རྒྱུ་དང་། རིགས་ཁོངས་ཁག་གཅིག་ཏུ་རིགས་ཁོངས་ཀྱི་གྲོས་མོལ་ཚོགས་འདུ་ཐེངས་གཅིག་འཚོག་རྒྱུ་ཡིན། འགོ་ཚུགས་ཚོགས་འདུ་དང་མཇུག་འགྲིལ་ཚོགས་འདུའི་ཐོག་ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་ཟུར་ཉན་ལ་གདན་འདྲེན་ཞུ་རྒྱུ་ཡིན། ཚོགས་ཆེན་གྱི་གྲ་སྒྲིག་ལས་དོན་ཁག་གྲ་སྒྲིག་བྱས་ཟིན་ཡོད།
རྩོམ་སྒྲིག་པ། རིག་གྲོལ།