ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཁོང་གིས་ཀྲུང་གོའི་ལམ་ཕྱེད་མར་སུན་རྒྱང་རྒྱུག་འགྲན་བསྡུར་གྱི་ཟིན་ཐོ་གསར་པ་བཏོད་པ།

—— བོད་རང་སྐྱོང་ལྗོངས་ཀྱི་འབྲིང་རྒྱུག་དང་རྒྱང་རྒྱུག་ལུས་རྩལ་པ་བཀྲ་ཤིས་ཚེ་རིང་གི་སྐོར་བཀོད་པ།

སྤེལ་དུས 2024-04-03 ཡོང་ཁུངས། ཀྲུང་གོའི་བོད་རང་སྐྱོང་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།


འདི་ནི་བཀྲ་ཤིས་ཚེ་རིང་སྦྱོང་བརྡར་བྱེད་བཞིན་པ།

            2024ལོའི་རྒྱལ་ཡོངས་ཀྱི་ལམ་ཕྱེད་མར་སུན་ལེགས་སྐྱེས་འགྲན་བསྡུར(ས་ཚིགས་དང་པོ)ནང་། བཀྲ་ཤིས་ཚེ་རིང་གིས་ཆུ་ཚོད་1དང་སྐར་མ་1དང་སྐར་ཆ་57གྱི་གྲུབ་འབྲས་ཐོག་ནས་ཀྲུང་གོའི་སྐྱེས་པའི་ལམ་ཕྱེད་མར་སུན་རྒྱང་རྒྱུག་འགྲན་བསྡུར་གྱི་ཟིན་ཐོ་གསར་པ་བཏོད་ཡོད།

            དེའི་དབང་གིས་ལོ་22ལ་སླེབས་པའི་ཕོ་གཞོན་ཏེ། བོད་རང་སྐྱོང་ལྗོངས་ཀྱི་འབྲིང་རྒྱུག་དང་རྒྱང་རྒྱུག་ལུས་རྩལ་པ་བཀྲ་ཤིས་ཚེ་རིང་ཀུན་གྱིས་ཤེས་རྟོགས་བྱུང་།

            དྲག་ཆར་རླུང་འཚུབ་ལ་མ་འཛེམས་པར་སྦྱོང་བརྡར་བྱེད་པ།

            ཟླ་3ཚེས་19ཉིན་གྱི་ཞོགས་པའི་ཆུ་ཚོད་6པར། རླུང་ཆེན་འཚུབ་ཅིང་ཆར་སིམ་བབས་ཀྱང་ཉིང་ཁྲིའི་ས་མཐོའི་སྦྱོང་བརྡར་རྟེན་གཞིར་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་པ་རྣམས་གཅིག་རྗེས་གཉིས་མཐུད་ངང་སྦྱོང་བརྡར་བྱ་ཡུལ་དུ་ཡོང་།

            བོད་རང་སྐྱོང་ཀྱི་འབྲིང་རྒྱུག་དང་རྒྱང་རྒྱུག་གི་རྒྱལ་ཁབ་རིམ་པའི་རྩལ་ཁྲིད་པ་སྐལ་བཟང་ཚེ་རིང་གིས། མིག་སྔར་བོད་རང་སྐྱོང་ཀྱི་མཆོང་རྒྱུག་འཕེན་གསུམ་རུ་ཁག་ལ་འབྲིང་རྒྱུག་དང་རྒྱང་རྒྱུག་ལུས་རྩལ་པ་17ལས་མེད། “ཆེད་ལས་ལུས་རྩལ་པ་ངོ་མ་ཞིག་བྱེད་འདོད་ན། གཞི་རིམ་ནས་འདེམས་སྒྲུག་དང་སྦྱོང་བརྡར་བྱེད་པ་དང་། དེ་ནས་སྦྱོང་བརྡར་གྱི་ཚད་གཞི་ལོན་པར་ཉུང་མཐར་ཡང་ལོ་2ནས་4བར་གྱི་དུས་ཚོད་དགོས་ཀྱི་ཡོད”ཅེས་བཤད།

            ཆུ་ཚོད་6:30ནས་ཆུ་ཚོད7པ་བར་ནི་གྲབས་སྦྱོང་གི་དུས་ཚོད་ཡིན་པ་དང་། གཙོ་བོ་ལུས་རྩལ་པའི་གཟུགས་པོའི་ནུས་པ་འདོན་སྤེལ་དང་ལུས་རྩལ་རྩེ་དུས་རྨས་སྐྱོན་མི་ཕོག་པ་བྱས་ནས་རྗེས་མཐུད་སྦྱོང་བརྡར་ལ་གྲ་སྒྲིག་ཡག་པོ་བྱ་ཆེད་རེད།

            སྐལ་བཟང་ཚེ་རིང་གིས་ལུས་རྩལ་པ་མི་རེ་ངོ་རེའི་གྲུབ་འབྲས་ནན་ཏན་ངང་ཟིན་ཐོར་བཀོད་པ་དང་འབྲེལ་ལུས་རྩལ་པ་མི་རེ་ངོ་རེའི་གནས་ཚུལ་ལ་གཞིགས་ནས་ཁོང་ཚོར་དུས་ཐོག་ཏུ་ལུས་སྦྱོང་གི་གོམ་སྟབས་དང་། དབུགས་འབྱིན་རྔུབ། མྱུར་ཚད་བཅས་ལེགས་སྒྲིག་བྱེད་དགོས་པའི་དྲན་སྐུལ་བྱེད་ཀྱི་ཡོད།

            སྐབས་དེ་དུས་བཀྲ་ཤིས་ཚེ་རིང་རྒྱལ་ཡོངས་ཀྱི་མཆོང་རྒྱུག་འཕེན་གསུམ་འགྲན་ཁང་ནང་གི་ལེགས་སྐྱེས་འགྲན་བསྡུར་ལ་གྲ་སྒྲིག་བྱེད་བཞིན་ཡོད། ལྗོངས་ཕྱིར་འགྲན་བསྡུར་བྱས་ནས་ལོག་མ་ཐག་པའི་ཁོང་ལ་ད་དུང་ལ་དུག་ཅུང་ཟད་ཕོག་པ་དང་དེའི་ཐོག་ཆམ་པ་བརྒྱབ་ནས་གཟུགས་པོ་སླར་གསོ་བྱེད་པའི་སྒང་ཡིན།

            “དེར་སྐྱོན་གང་མེད། འགྲན་བསྡུར་བྱེད་སྐབས་གཙོ་བོ་སེམས་ཁམས་རེད”ཅེས་བཀྲ་ཤིས་ཚེ་རིང་གིས་འཛུམ་དམུལ་དམུལ་ངང་བརྗོད།

            ཁོང་གིས། རྩལ་འགྲན་ཐང་དུ་ཁ་གཏད་ལུས་རྩལ་པའི་མདུན་དུ་བསམ་བློ་མང་པོ་མི་གཏོང་བ་དང་དངངས་སྐྲག་གཏན་ནས་མི་བྱེད་པར་དུས་དང་རྣམ་པ་ཀུན་ཏུ་གདེང་ཚོད་ཆེན་པོ་ཡོད་པ་བྱས་ཚེ་གཞི་ནས་གྲུབ་འབྲས་ཡག་པོ་ཐོབ་ངེས་རེད་ཅེས་བཤད།

            ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་བཅངས་པ།

            2024ལོའི་རྒྱལ་ཡོངས་ཀྱི་ལམ་ཕྱེད་མར་སུན་ལེགས་སྐྱེས་འགྲན་བསྡུར(ས་ཚིགས་དང་པོ)ནང་། དང་ཐོག་བཀྲ་ཤིས་ཚེ་རིང་ཨེ་ཙེ་ཨོ་ཕི་ཡའི་བདམས་ཐོན་པ་དང་མོ་ན་ཀོའི་བདམས་ཐོན་པ་ཧ་ལམ་གཅིག་པ་ཡིན་ཞིང་། འགྲན་བསྡུར་ཕྱེད་ཀ་ཙམ་ལ་སླེབས་སྐབས་ཁོང་ གིས་ངར་སེམས་ཆེར་བསྐྱེད་ཀྱིས་མཇུག་མཐའི་སྤྱི་ལེ་6གི་ས་ནས་མཐའ་མའི་གདོང་མཆོང་བྱེད་འགོ་ཚུཌ།

            མཐར་བཀྲ་ཤིས་ཚེ་རིང་གིས་ཆུ་ཚོད་1དང་སྐར་མ་1སྐར་ཆ་57གྱི་གྲུབ་འབྲས་ཐོག་ནས་སྐྱེས་པའི་ཚོགས་ཆུང་གི་ཨང་དང་པོ་བླངས་ཏེ་ཀྲུང་གོའི་ལམ་ཕྱེད་མར་སུན་རྒྱང་རྒྱུག་འགྲན་བསྡུར་གྱི་ཟིན་ཐོ་གསར་པ་བཏོད་པ་རེད།

            དེ་རྗེས་2024ལོའི་རྒྱལ་ཡོངས་ཀྱི་འགྲན་ཁང་ནང་གི་མཆོང་རྒྱུག་འཕེན་གསུམ་གྱི་བྱ་དགའ་ཆེ་མོའི་འགྲན་བསྡུར་ནང་བཀྲ་ཤིས་ཚེ་རིང་གིས་སྐར་མ་8དང་སྐར་ཆ་15.44དང་སྐར་མ་8དང་སྐར་ཆ་12.50གི་གྲུབ་འབྲས་ཐོག་ནས་སྐྱེས་པའི་སྨི་3000གི་ས་ཚིགས་དང་པོ་དང་ས་ཚིགས་གཉིས་པའི་འགྲན་བསྡུར་གྱི་ཨང་དང་པོ་ཁག་སོ་སོར་བླངས་པ་རེད།

            གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ནས་ཡིན་པའི་བཀྲ་ཤིས་ཚེ་རིང་2013ལོར་གཞིས་རྩེ་གྲོང་ཁྱེར་གྱི་གཙོ་གནད་ལས་ཞོར་ལུས་རྩལ་སློབ་གྲྭར་བདམས་པ་དང་། 2015ལོར་འདེམས་སྒྲུག་བྱས་པ་བརྒྱུད་རང་སྐྱོང་ལྗོངས་ལུས་རྩལ་སློབ་གྲྭར་ཚུད་པ། 2017ལོར་འབྲིང་རྒྱུག་དང་རྒྱང་རྒྱུག་ལུས་རྩལ་པ་ཞིག་ཏུ་དངོས་སུ་གྱུར་ནས་འབད་འཐབ་རྣམ་གྲངས་གཙོ་བོ་ནི་སྨི་3000གི་རྒྱང་རྒྱུག་རེད།

            མ་འོངས་པར་རེ་བས་ཁེངས་པ།

            རྩལ་ཁྲིད་པ་སྐལ་བཟང་ཚེ་རིང་ད་ལོ་ལོ་59ལ་སླེབས་ཤིང་། ལོ་ན་གཞོན་དུས་ཁོང་ལ་ཀུན་གྱིས་ཡིད་སྨོན་བྱེད་པའི་ལུས་རྩལ་གྱི་གྲུབ་འབྲས་ཐོབ་མྱོང་ཡོད། ལུས་རྩལ་པའི་ན་ཚོད་ཡོལ་རྗེས་ཁོང་གིས་བོད་རང་སྐྱོང་ཀྱི་འབྲིང་རྒྱུག་དང་རྒྱང་རྒྱུག་རུ་ཁག་གི་རྩལ་ཁྲིད་པ་བྱས།

            2013ལོ་ནས་བཟུང་བོད་རང་སྐྱོང་ཀྱི་འབྲིང་རྒྱུག་དང་རྒྱང་རྒྱུག་རུ་ཁག་གིས་ལོ་ལྟར་ཕུལ་བྱུང་ལུས་རྩལ་པ་ཨེ་ཙེ་ཨོ་ཕི་ཡར་སྦྱོང་བརྡར་དང་སློབ་སྦྱོང་བྱེད་པར་གཏོང་གི་ཡོད།

            སྐལ་བཟང་ཚེ་རིང་གིས། དེ་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིམཆོང་རྒྱུག་འཕེན་གསུམ་གྱི་སྙུགས་ཤེད་རྣམ་གྲངས་ཀྱི་ས་མཐོའི་ཤེས་ལྡན་མི་སྣའི་གསར་སྤེལ་འཆར་གཞིལས་བྱུང་བ་ཞིག་རེད། “ཨ་ཧྥེ་རི་ཁའི་སྦྱོང་བརྡར་རོགས་ཟླའི་ཁྲོད་སྐྱེས་པའི་སྨི་5000དང་སྨི་10000གི་འཛམ་གླིང་ཟིན་ཐོ་རྒྱུན་སྐྱོང་མཁན་ཁའེ་ནེ་ཉི་ས་·པེ་ཁེ་ལེ་དང་བུད་མེད་ལུས་རྩལ་པ་ཏེ་པ་པ་བཅས་ཚུད་ཡོད། དེ་ང་ཚོའི་ལུས་རྩལ་པའི་ངོས་ནས་བརྗོད་ན་ཐོབ་དཀའ་བའི་སློབ་སྦྱོང་དང་སྤེལ་རེས་ཀྱི་གོ་སྐབས་ཤིག་རེད”ཅེས་བཤད།

            “འཛམ་གླིང་གི་རྩེར་སོན་ལུས་རྩལ་པ་དང་མཉམ་དུ་སྦྱོང་བརྡར་བྱེད་སྐབས་ཁོང་ཚོའི་འབད་འབུངས་ཀྱི་སྙིང་སྟོབས་ལས་ང་ཚོ་ལུས་རྩལ་པ་མི་རེ་ངོ་རེར་ཤུགས་རྐྱེན་ཐེབས་ཀྱི་འདུག ཁྱེད་རང་ཕུལ་བྱུང་ཡིན་ཡང་ད་དུང་མི་དེ་བས་མང་བ་ཕུལ་བྱུང་ཡིན་པ་དང་འབད་བརྩོན་བྱེད་བཞིན་ཡོད་པས། ང་ཚོས་མདུན་སྐྱོད་ཀྱི་གོམ་སྟབས་གཏན་ནས་མཚམས་འཇོག་བྱེད་མི་རུང”ཞེས་སྐལ་བཟང་ཚེ་རིང་གིས་བཤད། 
རྩོམ་སྒྲིག་པ།  རིག་གྲོལ།