ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཁམ་བུའི་མེ་ཏོག་གི་དཔལ་འབྱོར་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་བ།

སྤེལ་དུས 2024-04-07 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
འདི་ནི་ཡུལ་སྐོར་བས་ཀ་ལ་གྲོང་ཚོའི་ཁམ་བུའི་མེ་ཏོག་གླིང་དུ་ཡུལ་སྐོར་བྱེད་བཞིན་པ།
  རྒྱལ་ལམ་318ཀྱི་ལམ་རྒྱུད་དུ་གནས་པའི་ཀ་ལ་གྲོང་ཚོའི་གཞོགས་གཉིས་རི་བོས་བསྐོར་ཞིང་རྩི་ཤིང་མེ་ཏོག་སྣ་ཚོགས་ཀྱིས་བརྒྱན་པ་དང་ལྷུང་ལྷུང་འབབ་པའི་ཆུ་ཕྲན་བཅས་ལས་དེ་ཁུལ་ཡུལ་ལྗོངས་ལྟ་ན་སྡུག དཔྱིད་ཀ་སླེབས་རིམ་བཞིན་ཁམ་བུའི་མེ་ཏོག་རབ་ཏུ་བཞད་པས་ས་གནས་དེ་གའི་མི་རྣམས་ཀྱིས“ཁམ་བུའི་མེ་ཏོག་རོང་ཁུལ”ཞེས་འབོད་ཀྱི་ཡོད།
  ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་དང་པོའི་ཚོགས་ར་གཙོ་བོ་ཡིན་པའི་ཀ་ལ་གྲོང་ཚོར་ཁྱོན་ཁམ་བུའི་མེ་ཏོག་མུའུ་270ལྷག་ཙམ་དང་རི་སྐྱེས་ཁམ་སྡོང་1253ཡོད། ལོ་ལྟར་གྱི་དུས་ཚིགས་འདིར་ཁམ་བུའི་མེ་ཏོག་དང་ཞིང་ནང་མཛེས་ལྗོངས་ཕན་ཚུན་གཅིག་ལ་གཅིག་བརྒྱན་གྱི་ཚུལ་དུ་གནས།
  རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོ་ཁག་དང་པོའི་གྲས་ཤིག་ཡིན་པའི་ཀ་ལ་གྲོང་ཚོས་ཉེ་བའི་ལོ་ཤས་རིང་ཁམ་བུའི་མེ་ཏོག་གླིང་གི་མཛེས་ལྗོངས་ལ་བརྟེན་ནས་སྤྲོ་གསེང་དང་ཁམ་བུ་འཐོག་པ་སོགས་རྣམ་གྲངས་གསར་སྤེལ་ཤུགས་ཆེན་བྱས་པས། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་ནས་མི་སེར་ཚོར“ཡུལ་སྐོར་ཡོང་འབབ”བྱུང་ཡོད།
  “ད་ལོ་ཀ་ལ་ཁམ་བུའི་མེ་ཏོག་གླིང་ཟླ་3ཚེས་17ཉིན་སྒོ་ཕྱེ་བ་དང་ཟླ་ཕྱེད་ནང་ཡུལ་སྐོར་བ་མི་ཐེངས་ཁྲི་3.8ཙམ་ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་200ཙམ་བྱུང་ཡོད”ཅེས“ཁམ་བུའི་མེ་ཏོག་གི་དཔལ་འབྱོར”སྐོར་གླེང་སྐབས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྤྲིན་པ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པས་དགའ་ཚོར་ཆེན་པོས་བཤད། ཁོང་གིས“ཟླ་3ཚེས་31ཉིན་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་འགོ་ཚུགས་པའི་ཉིན་དེར་ཁམ་བུའི་མེ་ཏོག་གླིང་གིས་ཡུལ་སྐོར་བ་6000ཙམ་ལ་སྣེ་ལེན་ཞུས་པ་དང་ཉིན་དེར་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་19ཙམ་བྱུང་ཡོད། མིག་སྔའི་གནས་ཚུལ་ལ་བལྟས་ན། ད་ལོ་ཁམ་བུའི་མེ་ཏོག་དུས་ཚིགས་ཧྲིལ་པོར་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་500ཙམ་ཟིན་རྒྱུ་ཡིན་པ་དེ་ན་ནིང་ལས་སྒོར་ཁྲི་150ཙམ་འཕར་རྒྱུ་རེད”ཅེས་བཤད།
  ལོ་76ལ་སླེབས་པའི་ཀུའེ་དབྱང་གི་ཨ་ཅག་ཁྲེན་ལགས་ད་ལོ་བོད་དུ་ཡོང་ཐེངས་གསུམ་པ་ཡིན་ཞིང་། ཀ་ལ་གྲོང་ཚོའི་བརྗིད་ཉམས་ལྡན་པའི་གངས་རི་དང་མཛེས་སྡུག་ལྡན་པའི་ཁམ་བུའི་མེ་ཏོག་གིས་ཁོང་གི་ཡིད་དབང་འཕྲོག་ནས་དྲན་རྟེན་པར་རྒྱག་བཞིན་མཆིས།
  ཁོང་གིས“ཀ་ལ་གྲོང་ཚོས་མེ་ཏོག་ལ་བརྟེན་པ་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱིས་མཛེས་སྡུག་ལྡན་པའི་སྐྱེ་ཁམས་མཛེས་པ་དེ་དཔལ་འབྱོར་གྱི་རིན་ཐང་ཆེན་པོར་འགྱུར་བ་བྱས་ཏེ། ཁམ་བུའི་མེ་ཏོག་གི་མཛེས་ལྗོངས་དེ་མི་སེར་གྱི་འབབ་འཕར་གྱི་ཐབས་ལམ་ལ་འགྱུར་བ་བྱས་ཡོད་པའི”ངོས་འཛིན་བྱེད་ཀྱི་ཡོད།
  ཀ་ལ་གྲོང་ཚོའི་ཡུལ་མི་མཆོག་ཚེ་རིང་གིས་གཙོ་བོ་ཡུལ་སྐོར་བར་རྟ་འཁྲིད་ནས་ཡོང་འབབ་གསོག་གི་ཡོད། ཁོང་གིས་གསར་འགོད་པར“ད་ཆ་རྟ་བཞོན་འདོད་ཡོད་པའི་ཡུལ་སྐོར་བ་ཇེ་མང་དུ་འགྲོ་བ་དང་གླིང་ཁུལ་དུ་ལོ་ཤས་གོང་གི་རྟ་གཅིག་ནས་ད་ལྟའི་རྟ་བཞི་བར་མང་དུ་ཕྱིན་ཡོད། རྟ་གཅིག་ནས་ཉིན་རེར་ཡོང་འབབ་སྒོར་ལྔ་བརྒྱ་དྲུག་བརྒྱ་ཙམ་རག་གི་འདུག ད་ཆ་ང་ཚོའི་གྲོང་ཚོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གསུམ་ལྷག་ཙམ་ཟིན་ནས་འཚོ་བ་ཧ་ཅང་ཡག་པོ་ཡོད”ཅེས་བཤད།
  ཟླ་3པའི་མཚོ་བོད་ས་མཐོར་གནམ་གཤིས་དྲོ་རུ་ཕྱིན་པ་དང་ཉིང་ཁྲིའི་རི་ཀླུང་གང་སར་ཁམ་བུའི་མེ་ཏོག་རབ་ཏུ་བཞད་ཅིང་། ཉང་ཆུའི་ངོགས་དང་ཡར་ཀླུང་གཙང་པོའི་རོང་ཆེན་གྱི་ཡུལ་ལྗོངས་ཧ་ཅང་མཛེས་པོ་ཡོད། “ཁམ་བུའི་མེ་ཏོག་གི་དཔལ་འབྱོར”གང་འགབ་ཅི་སྤྱོད་བྱས་ནས་ཞིང་འབྲོག་མང་ཚོགས་དེ་བས་མང་བ་སྐྱེ་ཁམས་ཤེས་དཔལ་ལ་བརྟེན་ནས་ཕྱུག་འགྱུར་ལམ་བུར་སྐྱོད་ཆེད། ཉིང་ཁྲིས་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་21བསྟུད་མར་གཉེར་བ་རེད།
  བསྡོམས་རྩིས་བྱས་པར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་གཉིས་པའི་བར་ཉིང་ཁྲི་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་གྲོང་ཁྱེར་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་ལས་རིགས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་11.83ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་ཁྲི་1438.64བྱུང་ཡོད། རིགས་ཁག་གི་ཡུལ་སྐོར་ལས་རིགས་ཀྱི་བྱེད་པོས་རིམ་རྩིས་བྱས་ན་ཞིང་འབྲོག་པ་མི་ཐེངས་6864ལས་ཞུགས་གཞན་སྒྱུར་ཐུབ་པར་བྱས་ནས་ལས་ཞུགས་གཞན་སྒྱུར་གྱི་ཡོང་འབབ་སྒོར་ཁྲི་1476.26ཟིན་ཡོད།
  “ད་ཆ་མང་ཚོགས་དེ་བས་མང་བར་ཡུལ་སྐོར་གྱི་ཡོང་འབབ་རག་ནས་འཚོ་བ་ཡག་པོ་སྐྱེལ་ཐུབ་ཡོད་ལ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱང་ལོངས་སུ་སྤྱོད་ཐུབ་ཡོད། ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་བ་བརྒྱུད་ང་ཚོའི་རི་སྔོན་ཆུ་དྭངས‘གསེར་རི་དངུལ་རིར’འགྱུར་བཞིན་ཡོད”ཅེས་ཉིང་ཁྲི་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཅུས་ཀྲང་གཞོན་པ་བསྟན་འཛིན་བསམ་གྲུབ་ཀྱིས་བཤད།