ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

དྭངས་གསལ་དུས་ཚིགས་རིང་། ཡུལ་སྐོར་དུ་འགྲོ་མཁན་མང་བས་ཡུལ་སྐོར་ཁྲོམ་ར་གསོན་ཤུགས་འཕེལ་བ།

“གུང་གསེང་དཔལ་འབྱོར”གྱི་གསོན་ཤུགས་གསར་པ་རྒྱས་པ།

སྤེལ་དུས 2024-04-09 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།


འདི་ནི་གྲོང་མི་དང་ཡུལ་སྐོར་བས་ལྷ་སའི་དམག་དམངས་ལམ་དུ་ཁམ་བུའི་མེ་ཏོག་ལ་ལྟ་བཞིན་པ།


འདི་ནི་ཡུལ་སྐོར་བས་ཡར་འབྲོག་གཡུ་མཚོའི་ངོགས་སུ་ཐིང་རིལ་སྐྱ་མོ་དང་མཉམ་པར་རྒྱག་བཞིན་པ།

            དཔྱིད་ཀྱི་དུས་སུ། ཉང་ཆུ་གཙང་པོའི་ངོགས་ནས་ཡར་ཀླུང་ལུང་ཤུར་བར་གྱི་ས་བབ་མཐོ་ཚད་སྨི་3900མན་གྱི་ས་ཁུལ་མང་ཆེ་བར་སྟར་སྡོང་གཙོ་བོར་བྱས་པའི་རྩི་ཤིང་སྣ་ཚོགས་རིམ་བཞིན་བཞད་ཁ་ཕྱེ་འགོ་ཚུགས། སྤྱི་གླིང་ཆེ་གྲས་ཁག་དང་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་མང་པོ་སླེབས་ཡོད། ལྷག་པར་དུ་དྭངས་གསལ་དུས་ཚིགས་རིང་ཡུལ་སྐོར་དུ་སྐྱོད་མཁན་གྱི་ཚ་རླབས་འཕྱུར་ཞིང་། ཁོང་ཚོས་ཡུལ་ལྗོངས་ལ་ལྟ་བ་དང་ཆབས་ཅིག ས་གནས་དེ་གའི་ཁྱད་ལྡན་རིག་གནས་དང་བཟའ་བཏུང་ལོངས་སུ་སྤྱད་ནས“མཛེས་སྡུག་ལྡན་པའི་བོད་ལྗོངས”མྱོང་རོལ་བྱེད་བཞིན་ཡོད།

            ལྗོངས་ཡོངས་ཀྱི་འཛད་སྤྱོད་དང་ཡུལ་སྐོར་ཁྲོམ་ར་འགོ་ཚུགས་མ་ཐག་ཚོང་ཡག་པོ་བྱུང་ཞིང་། ཤེས་རྟོགས་བྱུང་བར་གཞིགས་ན། དྭངས་གསལ་དུས་ཚིགས་རིང་མེ་ཏོག་ལ་ལྟ་བ་དང་། སྔོ་གསོལ་དུ་སྐྱོད་པ། ཡུལ་སྐོར་ལ་སྐྱོད་པ། ཞིམ་ཟས་སོགས་བརྗོད་དོན་གཙོ་བོའི་འཛད་སྤྱོད་དགོས་མཁོ་ཆེ་ཞིང་། བོད་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་རིམ་པའི་ཚོང་དོན་སྡེ་ཚན་གྱིས་གཙོ་གནད་ལྟ་ཞིབ་ཚད་ལེན་བྱས་པའི་བཟའ་བཏུང་དང་སིལ་ཚོང་ཁེ་ལས་120ལྷག་ཙམ་ལ་རིམ་རྩིས་བྱས་ན་བྲིན་ཚོང་ཡོང་འབབ་སྒོར་དུང་ཕྱུར་1.94བྱུང་བ་དེ་ལོ་གོང་མའི་དུས་མཚུངས་ལས་9.4%འཕར་ཡོད། ལྗོངས་ཡོངས་ཀྱིས་ཁྱོན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་65.36ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་ཁྱོན་སྒོར་དུང་ཕྱུར་2.43བྱུང་ཡོད།

            མེ་ཏོག་ལ་བལྟས། “མཛེས་ཆོས་དཔལ་འབྱོར”གྱིས་ཡིད་དབང་ལྷག་པར་འཕྲོག

            “ལྷ་སར་འབྱོར་རྗེས་དམར་མདངས་བཀྲ་བའི་ལི་ཧྭ་མེ་ཏོག་དང་། རྣམ་པར་བཞད་པའི་ཧའེ་ཐང་མེ་ཏོག ལྟ་ན་སྡུག་པའི་ཁམ་བུའི་མེ་ཏོག་བཅས་མཐོང་བ་ལས་དབེན་པའི་སྐྱེད་ཚལ་དུ་སླེབས་པ་ལྟ་བུའི་ཚོར་སྣང་ཞིག་བྱུང”ཞེས་དང“གལ་ཏེ་ཇོ་མོ་གླང་མ་འཛེགས་པའི་འགྲོ་བའི་དུས་ཚོད་མེད་ཚེ་ལྷོ་རི་འཛེགས་པར་བསྐྱོད་ནའང་ཡག་པོ་འདུག གང་ལགས་ཤེ་ན། མཚར་སྡུག་རྣམ་པར་བཀྲ་བའི་མེ་ཏོག་དང་སྔོ་བསངས་ནམ་མཁའ་སོགས་ལྷོ་རི་ནས་རང་བྱུང་གི་མཛེས་ལྗོངས་མཐོང་གི་འདུག་ལ་གྲོང་ཁྱེར་གྱི་ཉམས་འགྱུར་ཡང་མཐོང་གི་འདུག”ཅེས་ལྷ་སའི་ལྷོ་རི་སྤྱི་གླིང་དུ་ཀོང་ཏུང་ཧུའེ་ཀྲོའུ་ནས་ཡིན་པའི་ཡུལ་སྐོར་བ་ལེ་དབྱིས་གསར་འགོད་པར་རང་གི་མཐོང་ཐོས་བཤད་བྱུང་།

            ཉེ་བའི་ལོ་ཤས་རིང་། ལྷ་སས་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་གླིང་ལྟ་བུའི་གྲོང་ཁྱེར་ཕྱོགས་ཡོངས་ནས་བཏོད་དང་གཏོད་བཞིན་ཡོད་ཅིང་། གང་ས་གང་ནས་མཐོང་རྒྱུ་ཡོད་པའི་སྤྱི་གླིང་ཆུང་གྲས་དང་སྐྱེ་ཁམས་སྔོ་ལྗང་ཁུལ་གྱིས་ཡུལ་སྐོར་བར་མཛེས་ལྗོངས་མྱོང་རོལ་ལ་སྐྱོད་ས་ཡག་པོ་ཞིག་མཁོ་འདོན་བྱས་ཡོད།

            དྭངས་གསལ་དུས་ཚིགས་རིང་། མེ་ཏོག་ལ་ལྟ་བཞིན་དཔྱིད་ཀྱི་མཛེས་པ་ཉམས་སུ་མྱོང་བ་ནི་དུས་ཆེན་གྱི་བརྗོད་དོན་གཙོ་བོར་གྱུར་ཡོད། བོད་ལྗོངས་ཀྱི་སྤུས་རྟགས་གལ་ཆེན་གྱི་རིག་གནས་ཡུལ་སྐོར་བྱེད་སྒོའི་གྲས་ཤིག་ཡིན་པའི་ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་ཉེར་གཅིག་པ་ཟླ་3ཚེས་31ཉིན་འགོ་ཚུགས་པ་ནས་བཟུང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བའི་ཡིད་དབང་འཕྲོག་ཅིང་། སྐབས་འདིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་གྱིས་ཞིམ་ཟས་ལོངས་སྤྱོད་དང་། དམངས་སྲོལ་མྱོང་ཚོར། ཐོན་རྫས་འགྲེམས་ཚོང་། ཁམ་བུའི་མེ་ཏོག་རོལ་དབྱངས་དུས་ཆེན་སོགས་བྱེད་སྒོ་སྣ་ཚོགས་ཇུས་འགོད་ཞིབ་ཚགས་བྱས་པ་དང་བྱེད་སྒོ་དེ་ཟླ་བ་གཅིག་སྤེལ་རྒྱུ་ཡིན་པ་རེད། བྱེད་སྒོ་སྤེལ་རིང་ཉིང་ཁྲིའི་ཚོང་དོན་སྡེ་ཚན་གྱིས“བདེ་སྐྱིད་ལྡན་པའི་ཉིང་ཁྲི·སྤྲོ་སྣང་ཆེན་པོས་འཚོ་བར་ལོངས་སྤྱོད་བྱེད”ཅེས་པའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་གྱི་འཛད་སྤྱོད་སྐུལ་སྤེལ་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་ཞིང་། དེའི་རིང་རླངས་འཁོར་ཉོས་ན་ཁ་གསབ་མཐོ་ཤོས་སྒོར་ཁྲི་1.8དང་ཁྱིམ་སྤྱོད་གློག་ཆས་ཉོས་ན་ཁ་གསབ་མཐོ་ཤོས་སྒོར་450སྤྲོད་ཀྱི་ཡོད།

            གཞན་ཡང་། སྐབས་གསུམ་པའི“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཅེས་པའི་བྱེད་སྒོའི་གྲུབ་འབྲས་འགྲེམས་སྟོན་དང་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་གྲོང་ཡུལ་ཤང་གི་སྐབས་དགུ་པའི་ཁམ་བུའི་མེ་ཏོག་རིག་རྩལ་འཁྲབ་སྟོན་བྱེད་སྒོ་ཡང་དྭངས་གསལ་དུས་ཚིགས་སུ་གཟབ་རྒྱས་ངང་སྤེལ་བས་འཛད་སྤྱོད་ཁྲོམ་ར་འཁྲུག་ཆ་ཤིན་ཏུ་དོད།

            འགྲེམས་སྟོན་ཁང་དུ་བསྐྱོད། རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་།

            དྭངས་གསལ་དུས་ཚིགས་རིང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་བཏང་སྟེ། རྒྱ་ཆེའི་མང་ཚོགས་ཀྱི་རིག་གནས་ཀྱི་ཐོབ་སྣང་དང་འཚོ་བའི་བདེ་སྐྱིད་ཚོར་སྣང་ཟམ་མི་ཆད་པར་ཆེ་རུ་གཏོང་ཆེད། བོད་ལྗོངས་ཀྱི་རིམ་ཁག་སྤྱི་པའི་རིག་གནས་འགྲེམས་ཁང་གིས་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་འཆད་ཁྲིད་དང་། ཚན་རིག་ཁྱབ་གདལ། འགྲེམས་སྟོན། རིག་རྩལ་འཁྲབ་སྟོན་སོགས་རིག་གནས་སྣ་ཚོགས་བྱེད་སྒོ་སྤེལ་ཏེ་མི་རྣམས་ལ་ཕན་ཚུན་སྤེལ་རེས་བྱེད་པའི“རིག་གནས་བར་མཐོངས”ཡག་པོ་བཏོད་ཡོད།

            རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་དྭངས་གསལ་དུས་ཚིགས་རིང“རིག་གནས་ཀྱི་ཉམས་འགྱུར་ཉམས་སུ་མྱོང་། དུས་ཆེན་གྱི་རྣམ་པ་ཚོར་བར་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་སྒྲུང་གཏམ་འདུ་ཚོགས་འཚོགས་པ་དང་།དྭངས་གསལ་དུས་ཚིགསདངསྔོ་ཐུམ་ཟས་ཞིམ་པོཞེས་པའི་གཏམ་རྒྱུད་གཉིས་བཀོད་སྒྲིག་བྱས་པ་དང་། ཕྲུ་གུ་30ལྷག་ཙམ་གྱིས་མཉམ་དུ་སྔོ་འཐུམ་ཟས་ཟ་བ་དང་། དུར་མཆོད་བྱེད་པ་སོགས་དྭངས་གསལ་དུས་ཚིགས་ཀྱི་སྲོལ་རྒྱུན་གོམས་སྲོལ་ཤེས་རྟོགས་བྱས་པ་རེད།

            ཞིམ་ཟས་ལ་རོལ། བོད་ལྗོངས་ཀྱི་དམིགས་བསལ་ཁྱད་ཆོས་ཉམས་སུ་མྱོང་།

            གུང་གསེང་རིང་མང་ཚོགས་དང་ཡུལ་སྐོར་བའི“ལྕེ་ཐོག་གི་བདེ་འཇགས”ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་ཆེད།བོད་ལྗོངས་ཀྱི་ཚོང་དོན་སྡེ་ཚན་གྱིས་ཚོང་རའི་སྒོ་རྩིས་ཚོང་ཁང་དང་ཞིང་ཞོར་ཉོ་ཚོང་ཁྲོམ་རར་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ཞིང་། ཐོན་སྐྱེད་དང་བྲིན་ཚོང་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། ཟོག་འཐེན་ཐབས་ལམ་རྒྱ་ཆེར་གཏོང་བ། ཚོང་ལས་ཀྱི་མཛོད་ཉར་རྒྱ་ཆེར་གཏོང་བ། མཁོ་སྤྲོད་ཀྱི་སྣ་ཁ་མང་དུ་གཏོང་བ་སོགས་ཀྱི་བྱ་ཐབས་བརྒྱུད་ཁྲོམ་རའི་མཁོ་སྤྲོད་འགན་ལེན་ནུས་ལྡན་དང་རིན་གོང་བརྟན་པོ་ཡོང་བར་བྱས་ཡོད། དེ་དང་ཆབས་ཅིག་དུས་ཆེན་རིང་འཚོ་བའི་མཁོ་ཆས་ལྟ་ཞིབ་ཚད་ལེན་ལམ་ལུགས་དུས་ཐོག་ཏུ་ལག་བསྟར་བྱས་ཏེ། དུས་ཆེན་དང་ངལ་གསོའི་རིང་གི་གལ་ཆེའི་ཚོང་ཟོག་ཁྲོམ་རའི་མཁོ་སྤྲོད་དང་རིན་གོང་གི་འགྱུར་ལྡོག་ལ་དོ་ཁུར་ཟབ་མོ་བྱས་ནས། འཛད་སྤྱོད་པས་བློ་བདེ་པོའི་ངང་ཉོ་སྒྲུབ་དང་བློ་བདེའི་ངང་འཛད་སྤྱོད་ཐུབ་པའི་འགན་ལེན་དང་འཛད་སྤྱོད་ཁྲོམ་ར་བརྟན་པོ་དང་གོ་རིམ་ལྡན་པའི་འགན་ལེན་བྱས་ཡོད།
རྩོམ་སྒྲིག་པ། རིག་གྲོལ།