ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

རྐྱེན་ལམ་དུ་ཤོར་བའི་མི་བཞི་པའི་ཕུང་པོ་རྙེད་འདུག

སྤེལ་དུས 2024-04-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
       ས་གནས་དེ་གའི་ཟླ4པའི་ཚེས15ཉིནCNNཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་བརྟག་དཔྱད་ཅུས་ཀྱིས་ཉེས་དོན་བརྟག་དཔྱད་བྱེད་འགོ་ཚུགས་པ་དང་བསྟུན་པར་ཏི་མོ་ཟམ་པ་བརྡིབས་ནས་རྐྱེན་ལམ་དུ་ཤོར་བའི་མི་བཞི་པོ་དེའི་ཕུང་པོ་རྙེད་པ་རེད།  རྐྱེན་ལམ་ཤོར་མཁན་གྱི་ནང་མིའི་རེ་བ་ལྟར་གཞུང་ཕྱོགས་ཀྱིས་མི་སུ་ཡིན་མིན་ཁྱབ་བསྒྲགས་བྱས་མེད་པ་རེད།
       དེ་སྔོན་ཨ་རིའི་ཁོ་ལོམ་པི་ཡའི་རླུང་འཕྲིན་ཀུང་སིས(CBS)གནས་ཚུལ་སྤེལ་བར་གཞིགས་ན།  ཨ་རིའི་ཤར་རྒྱུད་དུ་ཟླ4པའི་ཚེས5ཉིན་གྱི་སྔ་དྲོའི་ཆུ་ཚོད10དང་སྐར་མ30ཡས་མས་སུ་འཚོལ་སྐྱོབ་མི་སྣས་པར་ཏི་མོའི“ཧྥུའུ་ལང་ཤིས་སི·སི་ཁོ་ཐེ·ཅི”ཟམ་ཆེན་བརྡིབས་པའི་དོན་རྐྱེན་གྱི་ཡུལ་དངོས་ནས་རྐྱེན་ལམ་དུ་ཤོར་བའི་བཟོ་པ་གསུམ་པ་དེའི་ཕུང་པོ་རྙེད་པ་རེད།

བར་སྣང་ནས་པར་བརྒྱབ་པའི་པར་ཏི་མོ་ཟམ་པ།
       དེ་སྔོན་སྤེལ་བའི་གནས་ཚུལ།
       ས་གནས་དེ་གའི་ཟླ3པའི་ཚེས26ཉིན་གྱི་ཐོ་རེངས་སུ།  ཨ་རིའི་མཱ་ལི་ལན་ཁུལ་པར་ཏི་མོ་གྲོང་ཁྱེར་གྱི་ཧྥུའུ་ལང་ཤིས་སི·སི་ཁོ་ཐེ·ཅི་ཟམ་པར་ཟོག་འདྲེན་གྲུ་གཟིངས་ཤིག་གིས་བརྡུངས་ནས་གས་བརྡིབས་བྱུང་བ་དང་།  ཟམ་ཐོག་གི་རླངས་འཁོར་དང་མི20ཙམ་ཆུ་ནང་དུ་ལྷུངས་པ་རེད། 
       ཟླ3ཚེས26ཉིན་གྱི་དགོང་མོར།  ཨ་རིའི་མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་ད་ཐེངས་ཀྱི་དོན་རྐྱེན་ཁྲོད་འབྲེལ་བ་ཆད་པའི་མི6རྐྱེན་ལམ་དུ་ཤོར་བར་གཏན་འཁེལ་བྱས་ཏེ་འཚོལ་སྐྱོབ་བྱ་སྤྱོད་ཀྱང་གནས་སྐབས་སུ་མཚམས་བཞག་པ་རེད།  ཚེས27ཉིན་འཚོལ་སྐྱོབ་ལས་དོན་ཐད་ཀྱི་འགན་ཁུར་གཙོ་བོ་ཕུང་པོ་འདོན་ལེན་གྱི་ཐད་དུ་བསྒྱུར་ཏེ་ཕུང་པོ་གཉིས་པ་དེ་རྙེད་པ་རེད། 

བརྡིབས་པའི་ཧྥུའུ་ལང་ཤིས་སི•སི་ཁོ་ཐེ•ཅི་ཟམ་པ།
       གནས་ཚུལ་ཤེས་མཁན་ཁག་གཅིག་གིས་དོན་རྐྱེན་དེ་ནི་གྲུ་གཟིངས་ཀྱི་ལུད་རྫས་ལ་སྦགས་བཙོག་ཐེབས་ཡོད་མེད་དང་འབྲེལ་བ་ཡོད་ཅེས་བརྗོད་པ།
       ཨ་རིའི་སྲིད་གཞུང་གི་ལས་ཁུངས་མང་པོ་ཞིག་གིས་དོན་རྐྱེན་གྱི་རྒྱུ་རྐྱེན་ལ་བརྟག་དཔྱད་བྱེད་བཞིན་ཡོད།  ཚེས26ཉིན་མཱ་ལི་ལན་ཁུལ་གྱི་ཁུལ་དཔོན་ཝེ་སི·མོར་གྱིས་ཐོག་མའི་བརྟག་དཔྱད་ལས་མངོན་པར།  དེ་ནི་དོན་རྐྱེན་ཞིག་ཡིན་པ་ལས་མིག་སྔར་འཇིགས་སྐུལ་གྱི་འཇབ་རྒོལ་དང་འབྲེལ་བ་ཡོད་པའི་དཔང་རྟགས་གང་ཡང་རྙེད་མེད།  དོན་རྐྱེན་བྱུང་སྐབས་དོས་སྒམ་གྲུ་གཟིངས་ཟམ་ཆེན་ལ་མ་ཐུག་གོང་ནས་རོགས་སྐྱོབ་བརྡ་རྟགས་བཏང་ཡོད་པས།  སྐབས་དེ་དུས་ཟམ་ཐོག་ཏུ་འགྲོ་རྩིས་ཡོད་པའི་རླངས་འཁོར་བཀག་ནས་མི་སྣ་ཤི་རྨས་མང་དུ་སོང་མེད་ཅེས་བཤད།  ཝེ་སི·མོར་གྱིས་ད་དུང་དོས་སྒམ་གྲུ་གཟིངས་མཚོ་འགྲུལ་བྱེད་འགོ་བརྩམས་ནས་ཆུ་ཚོད་གཅིག་ཙམ་འགོར་རྗེས།  གྲུ་གཟིངས་ཐོག་གི་གློག་འོད་ཆེམ་ཆེམ་བྱེད་འགོ་ཚུགས་ཡོད།
       ཚེས26ཉིན་ཨ་རིའི《ཝར་ཅེ་ཁྲོམ་གཞུང་ཉིན་རེའི་ཚགས་པར》ཐོག་གནས་ཚུལ་སྤེལ་བར་གཞིགས་ན།  ཨ་རིའི་རྒྱལ་ཁབ་སྐྱེལ་འདྲེན་བདེ་འཇགས་ཨུ་ལྷན་གྱིས་མཱ་ལི་ལན་ཁུལ་ཟམ་ཆེན་ལ་གྲུ་གཟིངས་ཀྱིས་བརྡུངས་ནས་བརྡིབས་པའི་དོན་རྐྱེན་ལ་བརྟག་དཔྱད་བྱེད་བཞིན་ཡོད་ཅེས་འཁོད་ཡོད་པ་རེད།  གནས་ཚུལ་ཤེས་མཁན་གྱིས་བཤད་པ་ལྟར་ན།  བརྟག་དཔྱད་ནང་དོན་ལ་དོན་རྐྱེན་ཐོན་པའི་དོས་སྒམ་གྲུ་གཟིངས་ལ་སྦགས་བཙོག་ཐེབས་པའི་ལུད་རྫས་སྤྱད་པས་སྒུལ་ནུས་ཤོར་ནས་གྲུ་གཟིངས་ཀྱི་ཁ་ཕྱོགས་གཏད་ཐབས་བྲལ་བ་དང་འབྲེལ་མཐར་ཟམ་ཆེན་ལ་བརྡུངས་པའི་སྐོར་ཚུད་ཡོད་པ་རེད།  གནས་ཚུལ་སྤེལ་བར་གཞིགས་ན།  ཨ་རིའི་རྒྱལ་ཁབ་སྐྱེལ་འདྲེན་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་ཞི་ཅེ་ཉི་ཧྥུའུ·ཧོ་མོན་ཏིས་བརྟག་དཔྱད་མི་སྣས་ད་དུང་གྲུ་གཟིངས་ཐོག་གི་ཟིན་ཐོ་འགོད་ཆས་ལ་བལྟས་ནས་གནས་ཚུལ་དེ་བས་མང་བ་ཤེས་རྟོགས་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།