དྲི་ཞིམ་བོད་ཇ་ཕོར་པ་གང་ལས་ཇ་རྟའི་གནའ་ལམ་སྟེང་གི་རྒྱ་བོད་ཇ་རྟའི་ཉོ་ཚོང་ཁྲོམ་རའི་དུས་ཡུན་རིང་བའི་ལོ་རྒྱུས་མཐོང་ཐུབ།
གནའ་ཇ“རིག་འཛིན་རྡོ་རྗེ”བག་ཆུང་གཅིག་ལས་ལོ་བརྒྱའི་རིང་ཅང་ཚང་ཁྱིམ་རྒྱུད་ཀྱིས་བོད་དུ་ཉོ་ཚོང་བྱེད་པར་བསྐྱོད་པའི་འདས་སོང་ལ་དཔང་པོ་བྱེད།
“རྒྱལ་དར་ཁྱིམ་ཕྱུག”རང་ཉིད་ཀྱི་འགན་འཁྲིར་བརྩི་བའི་ཁྱིམ་རྒྱུད་དེས་མེས་པོའི་ཕུགས་འདུན་གྱི་རྒྱུན་བསྐྱངས་ནས་དུས་རབས་གསར་པའི་བོད་ཇའི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་གིན་ཡོད།
བོད་རིགས་མང་ཚོགས་ནི་གྲང་ངར་ཆེ་ཞིང་གསོ་རླུང་དཀོན་པའི་ས་ཁུལ་དུ་སྡོད་པས། རྒྱུན་གཏན་གྱི་འཚོ་བའི་ནང་ངེས་པར་དུ་ཞག་ཚིལ་དང་མངར་ཆ་མང་བའི་ཟས་རིགས་བཟས་ནས་རང་བྱུང་ཁོར་ཡུག་ལ་འཕྲོད་པར་བྱེད་དགོས་ཀྱི་ཡོད། བོད་ཇས་ཞག་ཚིལ་ཞུ་བ་དང་། འཇུ་བར་ཕན་པ། འཚོ་རྒྱུ་གསབ་པ་བཅས་བྱེད་ཐུབ་པས་བོད་རིགས་མང་ཚོགས་ཀྱིས་ཧ་ཅང་དགའ་པོ་བྱེད་པའི་རྒྱུན་གཏན་གྱི་བཏུང་བྱ་ཞིག་ཏུ་གྱུར་ཡོད།
དབྱིན་ཅིང་རྫོང་གི་ཅང་ཚང་གི་ཇ་བཟོའི་ལོ་རྒྱུས་ཧ་ཅང་ཡུན་རིང་ཞིང་། ཅང་ཚང་ནི་མིང་རྒྱལ་རབས་ཀྱི་དུས་དཀྱིལ་དུ་ལེ་ཧྲན་གྱི་ཧུང་ཡ་ནས་དབྱིན་ཅིང་དུ་གནས་སྤོས་རྗེས། “ཧྭ་ཞིན་རྟགས་ཅན”དང“ཀུང་ཞིན་རྟགས་ཅན”ཞེས་པའི་སྒོ་བྱང་བཀལ་ནས་ཁམས་བོད་དང་ཇ་རྟ་ཉོ་ཚོང་བྱས། ལས་ལ་བརྩོན་ཞིང་བློ་གྲོས་ལྡན་པའི་ཅང་ཚང་གི་མེས་པོ་ཚོས་བོད་རིགས་མང་ཚོགས་ཀྱིས་འཐུང་རྒྱུར་འཚམ་པའི་ཇའི་སྡེབ་སྦྱོར་ཞིབ་འཇུག་བྱས་ནས་བཟོས་ཡོད། ཆིང་རྒྱལ་རབས་ཀྱི་ཅ་ཆིང་སྐབས་སུ་ཅང་ཚང་གི་མེས་པོ་དགུ་པ་ཅང་རུང་ཧྭ་ཡིས“ཧྭ་ཞིན་ཚོང་ཁང”བཙུགས་ནས་རང་བཟོས་བོད་ཇ་ཆེད་མངགས་ཐོན་སྐྱེད་དང་ཚོང་གཉེར་བྱས་པ་ནས་ཁམས་བོད་ཀྱི་བོད་ཇའི་སྤུས་རྟགས“རིག་འཛིན་རྡོ་རྗེ”བྱུང་བ་རེད། ད་ཆ་ཅང་ཚང་གི་སྒོ་ར་ཆེན་པོའི་སྒོ་བན“ཡུས་ཞིན་ཇ་ཁང”ཞེས་པ་ནི་ཅང་ཚང་གི་མེས་པོ་བཅུ་གཉིས་པ་ཅང་ཡུང་ཧྲོའུ་ཡིས་མིན་གོའི་དུས་འགོར་ཅང་ཚང་གི“ཧྭ་ཞིན་ཚོང་ཁང”དེ“ཡུས་ཞིང་ཇ་ཁང”ཞེས་མིང་བསྒྱུར་བ་ལས་ཆགས། ཅང་ཡུང་ཧྲོའུ་ནི་བྱ་བ་སྒྲུབ་པར་བྱང་ཆ་ལྡན་ཞིང་བློ་གྲོས་ལྡན་པ་མ་ཟད། ཇ་ལོའི་བདེན་རྫུན་དང་ཡག་ཉེས་འབྱེད་པར་མཁས་པས། སྐབས་དེ་དུས་མི་རྣམས་ཀྱིས“ཇའི་མཁས་དབང”ཞེས་འབོད།
ཅང་ཚང་གི་གནའ་ཇ་དང་ཕོ་བྲང་པོ་ཏ་ལ་མིང་འབྲེལ་བྱས་པའི་ཇ་བག་ཆུང་།
བཟོ་བོར་ལས་སེམས་ཡོད་ལ་ཇ་བཟོ་བར་ཡང་ཐབས་ལམ་ཡོད། སྟོབས་ཤུགས་དང་ཐབས་རྩལ་མཉམ་འདྲེས་བྱས་ན། ད་གཟོད་དྲི་ཞིམ་བོད་ཇ་ཐོན་ཐུབ། ཅང་ཚང་གི་ཇ་བཟོའི་ལག་རྩལ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ནས་ལྷོ་རྒྱུད་འགྲམ་ཇ་བཟོ་བའི་ལག་རྩལ་རྣལ་མ་སྤྱད་ཡོད། དེའང་མཉམ་འབྲེལ་རྒྱལ་ཚོགས་སློབ་ཚན་རིག་གསུམ་རྩ་འཛུགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་བརྩམས་ཆོས་ཀྱི་མིང་ཐོའི་ནང་བཅུག་ཡོད། ཇ་ལོ་འཐུ་བ་ནས་ཇ་ཐོན་པའི་བར་ཇ་བཟོའི་ལས་རིམ་ནི་ཧ་ཅང་གལ་འགངས་ཆེ། འཐུ་བ་དང་། སྔོ་དྲི་གཅོག་པ། བཙོས་ནས་མཉེད་པ། སྤུངས་ནས་སྙོལ་བ། འདེམས་སྒྲུག་སྡེབ་སྒྲིག་བྱེད་པ་སོགས་ལས་རིམ30ལྷག་ཙམ་བརྒྱུད་དགོས། ཅང་ཚང་གི་མིས་ཉམས་མྱོང་ལ་བརྟེན་ནས་ཅང་ཚང་བོད་ཇར་ཐུན་མོང་མ་ཡིན་པའི་ལག་རྩལ་གྱི་རིན་ཐང་དང་སྒྱུ་རྩལ་གྱི་མཛེས་དཔྱོད་བསྣན་ཡོད།
བོད་ཇ“རིག་འཛིན་རྡོ་རྗེ”ནི་འཐུ་བ་ནས་ཇའི་ཐོན་རྫས་གྲུབ་པའི་བར་གྱི་ལས་རིམ39དེ་དག་ལོ་གསུམ་བརྒྱུད་གཞི་ནས་བོད་རིགས་མང་ཚོགས་ཀྱིས“བསྐོལ་ཤེད་ཆེ་བ་དང་། བྲོ་བ་ཞིམ་པ། ཁུ་བ་དམར་བ། ཇ་སོས་པའི་དྲི་ཞིམ་ལྡན་པར”བརྩི་བའི་ཇ་གྲགས་ཅན་ཞིག་གྲུབ་ནས་ཐུན་མོང་མ་ཡིན་པའི་བྲོ་བ་དང་དྲི་ཞིམ་ལྡན། 2023ལོའི་རྒྱལ་སྤྱིའི་ཇ་ཚོགས་ཀྱི་ཇ་གྲགས་ཅན་དཔྱད་བསྡུར་འགྲན་བསྡུར་ཆེན་པོར་ཅང་ཚང་གི་བོད་ཇ“རིག་འཛིན་རྡོ་རྗེ”འགྲན་བསྡུར་ཆེན་པོའི་ཇ་དམར་ཚོགས་ཆུང་གི་དཔྱད་བསྡུར་ནང་སྤུས་ཚད་ཕུལ་དུ་བྱུང་བར་བརྟེན“དམིགས་བསལ་གསེར་གྱི་བྱ་དགའ”ཐོབ་པ་རེད།
ཇའི་སྤུས་ཚད་ནི་མིའི་གཤིས་སྤྱོད་དང་། དགའ་སྣང་། ཉམས་འགྱུར་བཅས་ཀྱི་བསྡུས་རིས་ཤིག་རེད། བགྲང་བྱ་བརྒྱ་ཕྲག་ཁ་ཤས་རིང་། ཅང་ཚང་གིས་མེས་པོའི་བསླབ་བྱ“རྣམ་དག་རྒྱུན་འཛིན། རྒྱལ་དར་ཁྱིམ་ཕྱུག”མཐའ་འཁྱོངས་བྱས་ནས་སེམས་ནུས་ཡོད་རྒུས་ཇ་བཟོ་བ་མ་ཟད། མི་ལའམ་དྲང་པོ་དྲང་གཞག་བྱེད་ཀྱི་ཡོད། ཅང་ཚང་གི་མེས་པོ་ཚོས་རང་འགུལ་ངང་བོད་སྐད་སྦྱངས་ནས་ཁམས་བོད་ས་གནས་ཀྱི་ཇའི་ཚོང་པ་མི་ཉུང་བ་ཞིག་དང་གྲོགས་པོ་རྒྱ་ཁྱབ་ཏུ་བསྒྲིགས་ཤིང་། སྔར་སོང་བུ་ཕྲུག་རྣམས་ས་གནས་ཁག་གི་དགོན་པ་དང་། འགོ་པ། རྒྱ་ཆེའི་མང་ཚོགས་བཅས་དང་འབྲེལ་བ་དམ་ཟབ་ཡོད་པ་མ་ཟད། དར་རྩེ་མདོའི་བོད་རིགས་ཀྱི་སྐོར་བྲོའི་སྦྱིན་བདག་དང་གཉེན་ཚན་བསྒྲིགས་པ་མང་པོ་ཡོད་པས་རྒྱ་བོད་དབར་གྱི་ཉོ་ཚོང་ལ་ཤུགས་སྣོན་ཐེབས་ཏེ་རྒྱ་བོད་ཀྱི་འབྲེལ་བ་ཟབ་ཏུ་ཕྱིན་པ་དང་ཁམས་བོད་ས་ཁུལ་གྱི་བརྟན་ལྷིང་དང་མི་རིགས་མཐུན་སྒྲིལ་ལའང་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།
ཅང་ཚང་གི་རྒྱུན་འཛིན་མི་རབས་བཅོ་ལྔ་པ་དབན་ཅང་ཧུང(གཡོན)གིས་ཀྲུང་གོའི་བོད་ལྗོངས་དྲ་བའི་བརྙན་ལམ་དུ་ཐད་གཏོང་བྱེད་སྐབས་རྒྱ་ཆེའི་དྲ་གྲོགས་རྣམས་ལ་ཅང་ཚང་སྒོ་ར་ཆེན་པོའི་ལོ་རྒྱུས་དང་འབྲེལ་ཡོད་པར་རྙིང་པའི་གཏམ་རྒྱུད་ཤོད་བཞིན་པ།
ཉི་འོད་དྲོ་ཞིང་རླུང་བུ་འཇམ་པོ་ལྡང་། སྒོ་ར་རྙིང་པར་འདས་སོང་དོན་སྙིང་ཟབ། ཁ་ཁུ་སིམ་པའི་ཅང་ཚང་ཁང་གཞིས་རྙིང་པར། ལོ་དགུ་བཅུ་ལྷག་ཙམ་ལ་སླེབས་པའི་ཅང་ལུན་ཏེ་དང་ལོ་བདུན་ཅུ་ལྷག་ཙམ་ལ་སླེབས་པའི་ཅང་ཅན་ཀོང་གིས་དེ་སྔའི་ཅང་ཚང་གི་ཇ་ལས་དར་རྒྱས་ཆེ་བའི་དུས་སུ་བོད་རིགས་དང་རྒྱ་རིགས་ཚོང་པ་རྣམས་དགའ་སྤྲོའི་ངང་ནས་མཉམ་འཛོམས་བྱས་ཏེ་བོད་གཞས་བཏང་ནས་ཁྱིམ་ཚང་གཅིག་ལྟར་མཛའ་ཞིང་བརྩེ་བའི་རྣམ་པ་ཡིད་ལ་འཁོར་གྱི་ཡོད། གཟུགས་སྟོབས་ཆེ་ཞིང་ཤ་རྩི་སྨུག་པའི་ཁམས་པའི་ཕོ་གཞོན་གྱིས་ཆང་ཕོར་མཐོན་པོར་བཏེགས་ནས་སོ་སོས་འཁྱེར་ཡོང་བའི་རྩམ་པ་དང་ཇ་བསྲུབས་མ་བཏོན་ཏེ་ཅང་ཚང་གི་བུ་ཕྲུག་ཚོར་བྲོ་བ་ལྟ་རུ་འཇུག་པ་དང་། བག་ཡངས་བའི་དགོད་སྒྲ་དང་ཕོར་པའི་ནང་གི་ཆང་དང་ཇ་ཞིམ་པོས་སེམས་དང་སེམས་མཐུན་པོ་བྱས་ཏེ་ཡུལ་གྲོགས་ཀྱི་བརྩེ་བ་དང་མཛའ་བརྩེ་ཟབ་མོ་ཞིག་བཅིངས་ཡོད།
1928ལོར་དཀར་མཛེས་དར་རྒྱས་དགོན་དུ་ཟིང་ཆ་བྱུང་ཞིང་། སྐབས་དེ་དུས་གོ་མིན་ཏང་ཅུན་ཉེར་བཞི་པའི་ཅུན་ཀྲང་ལིའུ་ཝུན་ཧུའེ་ཡིས་བོད་རིགས་དང་འབྲེལ་བ་ཡོད་པའི་ས་ཁུལ་དུ་ཅང་ཚང་གི་བོད་ཇ“རིག་འཛིན་རྡོ་རྗེའི”མཚན་སྙན་གྲགས་དང་ཤུགས་རྐྱེན་ལ་བརྟེན་ནས་ཅང་ཚང་གི་བུ་ཕྲུག་ཅང་ཡུས་ཝུན་ཞི་བའི་གྲོས་མོལ་གྱི་འཐུས་མིར་བསྐོས་ཏེ་ཟིང་ཆ་ཞོད་འཇགས་སུ་གཏོང་བར་མངགས་པས་ལེགས་གྲུབ་བྱུང་། བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་རྗེས། ཅང་ཚང་གི་གནའ་ཇའི་རྒྱུན་འཛིན་མི་རབས་བཅུ་བཞི་པ་ཅང་ཅུན་ཏེ་དམག་སྡེ་བཅོ་བརྒྱད་པའི་རྗེས་སུ་འབྲངས་ནས་བོད་ལྗོངས་སུ་རིག་གནས་དགེ་རྒན་བྱེད་པར་བསྐྱོད་དེ་རྒྱ་བོད་དབར་གྱི་མཐུན་སྒྲིལ་དང་བོད་ལྗོངས་ཞི་བས་བཅིངས་འགྲོལ་གཏོང་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཕུལ་ཡོད།
དུས་རབས་གསར་པར་སླེབས་སྐབས། ཅང་ཚང་གི་གནའ་ཇ“རིག་འཛིན་རྡོ་རྗེ”རྒྱུན་འཛིན་པ་དབན་ཅང་ཧུང་གིས་ཕ་ཡུལ་དར་རྒྱས་དང་ཁྱིམ་རྒྱུད་བསྐྱར་དར་གྱི་ཆེད་དུ། ཅང་ཚང་གི་ཇ་ལས(པེ་ཅིང)མ་རྐང་ཚད་ཡོད་ཀུང་སི་བཙུགས་ནས་མི་དེ་བས་མང་བས་ལོ་ངོ་སུམ་བརྒྱ་རིང་རྒྱུན་འཛིན་བྱས་པའི་སྤུས་ཀ་དག་པའི་བོད་ཇའི་བྲོ་བ་མྱོང་ཐུབ་པ་བྱ་རྒྱུའི་སེམས་ཐག་བཅད་པ་མ་ཟད། ཐོན་རྫས་ལ“ཅང་ཚང་གི་གནའ་ཇ”ཞེས་མིང་བཏགས། “ང་ཚོའི་མི་རབས་འདིའི་བསམ་འདུན་ནི་ཅང་ཚང་གི་སྤུས་རྟགས‘རིག་འཛིན་རྡོ་རྗེའི’རྒྱུན་མི་ཆད་པ་དང་ཤུལ་འཛིན་མཁན་ཡོད་པ་བྱ་རྒྱུ་དེ་ཡིན། ང་ཚོའི་མེས་པོ་དང་འདྲ་བར་སི་ཁྲོན་ཚོང་པའི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ་གངས་ལྗོངས་མཐོ་སྒོང་དུ་མུ་མཐུད་བསྐྱོད་དེ་མི་རིགས་ཁག་གི་འཛད་སྤྱོད་པར་ཞབས་འདེགས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན”ཞེས་དབན་ཅང་ཧུང་གིས་བློ་བརྟན་འགྱུར་མེད་ངང་བཤད།
ཅང་ཚང་སྒོ་ར་ཆེན་པོའི་ཤིང་སྒོའི་སྟེང་གི་བརྐོས་རིས་སྒྱུ་རྩལ།
ཅང་ཚང་གི་བོད་ཇའི་སྤུས་ཀ་དག་པ་དང་། བྲོ་བ་ཞིམ་པ། ཁ་མདོག་ཡག་པ་བཅས་ལ་བརྟེན་ནས་ལོ་རྒྱུས་ཐོག་ཕོ་བྲང་པོ་ཏ་ལ་དང་། འབྲས་སྤུངས་དགོན། བཀྲས་ལྷུན་དགོན་བཅས་ཀྱིས་མཉམ་འབྲེལ་ཐོག་ཆེད་མངགས་བཟོས་པའི་ཅང་ཚང་གི་གནའ་ཇ“རིག་འཛིན་རྡོ་རྗེ”ཞེས་པའི་ཟངས་དཔར་ཚོང་རྟགས་ཐོབ་མྱོང་ཡོད་པ་མ་ཟད། ལོ་ལྟར་མི་མངགས་ནས་ཅང་ཚང་གི་བོད་ཇ་ཉོ་བཞིན་ཡོད། 2021ལོར་བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་དང་ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡི་རོགས་རམ་འོག་ཕོ་བྲང་པོ་ཏ་ལ་ནས་ཅང་ཚང་གིས་ལོ་བརྒྱ་ལྷག་ཙམ་གོང་ཐོན་སྐྱེད་བྱས་པའི་གནའ་བོའི་བོད་ཇ་རྩེ་གྲས“རིག་འཛིན་རྡོ་རྗེ”རྙེད་པ་རེད།
ལོ་བརྒྱ་ཕྲག་ཁ་ཤས་རིང་། “རིག་འཛིན་རྡོ་རྗེ”ནི་བརྩེ་དུང་གི་འབྲེལ་ཐག་ལྟ་བུའི་ངོས་ནས་ཅང་ཚང་གི་གནའ་ཇ་དང་ཕོ་བྲང་པོ་ཏ་ལ་གཉིས་དམ་པོར་འབྲེལ་ནས་ཡོད། དུས་ཀྱི་འཁོར་ལོ་མྱུར་པོར་འཁོར་ནས་ཅང་ཚང་གི་གནའ་ཇ་མི་རབས་བཅོ་ལྔ་ཙམ་རྒྱུན་འཛིན་བྱས་ཟིན། ལོ་ཉིས་བརྒྱ་ཙམ་རིང་། ཅང་ཚང་གི་མིས་མི་རབས་ནས་མི་རབས་བར་དྲི་ཞིམ་འཐུལ་བའི་བོད་ཇ་མཐོ་སྒང་དུ་དབོར་ནས་ཇ་རྟའི་གནའ་ལམ་ཐོག་རྒྱ་བོད་དབར་གྱི་ཚོང་དོན་འགྲོ་འོང་དང་མཐུན་སྒྲིལ་མཛའ་གྲོགས་ཀྱི་གཏམ་རྒྱུད་མང་པོ་བཏོད་ཡོད།