ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ནག་ཆུས་ཚེ་སྲོག་སྲུང་བའི་མ་དངུལ་འདིར་དཔྲལ་བའི་མིག་ལྟར་གཅེས།

སྤེལ་དུས 2024-04-29 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
         སྨན་བཅོས་འགན་སྲུང་ཐེབས་རྩ་ནི་སྨན་བཅོས་འགན་སྲུང་མ་ལག་འཁོར་རྒྱུག་དང་གོང་འཕེལ་གཏོང་བའི་དངོས་པོའི་རྨང་གཞི་དང་འགན་སྲུང་གལ་ཆེན་ཞིག་ཡིན་པའི་ཆ་ནས། གང་དེ་བདེ་འཇགས་ཡིན་མིན་དེས་སྨན་བཅོས་འགན་སྲུང་ལམ་ལུགས་སྐྱོན་བྲལ་ངང་རྒྱུན་མཐུད་འཕེལ་རྒྱས་ཐུབ་མིན་ཐག་གཅོད་བྱེད་པ་མ་ཟད། འགན་བཅོལ་ནང་དུ་ཞུགས་པའི་མང་ཚོགས་ཀྱི་སྨན་བཅོས་འགན་སྲུང་ཁེ་དབང་ལ་འགན་སྲུང་བྱེད་ཐུབ་མིན་དང་ཡང་ཐད་ཀར་འབྲེལ་བ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྨན་བཅོས་འགན་སྲུང་ཐེབས་རྩའི་ལྟ་སྐུལ་དོ་དམ་ལས་དོན་ལ་གཟིགས་མཐོང་ཆེན་པོ་གནང་སྟེ། སྨན་བཅོས་འགན་བཅོལ་དངུལ་མགོ་སྐོར་གཡོ་ལེན་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་ལ་བཟོད་སྒོམ་སྤུ་ཙམ་མེད་པར་རྡུང་རྡེག་ཚ་ནན་བཏང་ཐོག་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་སྲུང་བའི་མ་དངུལ་དེར་དོ་དམ་ཡག་པོ་བྱ་དགོས་ཞེས་ཐེངས་མང་གསུངས་མྱོང་།

         བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུད་ཀྱིས་སྨན་བཅོས་འགན་བཅོལ་དངུལ་མགོ་སྐོར་གཡོ་ལེན་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བའི་གཅིག་སྡུད་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་ཡག་པོ་སྤེལ་ཆེད། སྐུལ་སློང་བཀོད་སྒྲིག་ཚོགས་འདུ་དུས་ཐོག་ཏུ་འཚོགས་པས་ནག་ཆུ་གྲོང་ཁྱེར་གོང་འོག་ཏུ་སྨན་བཅོས་འགན་སྲུང་ཐེབས་རྩ་བེད་སྤྱོད་དང་ལྟ་སྐུལ་དོ་དམ་སྲོལ་ཡིག་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱེད་པའི་ཚ་རླབས་འཕྱུར་བ་རེད། ནག་ཆུ་གྲོང་ཁྱེར་རིམ་ཁག་སྨན་བཅོས་འགན་སྲུང་སྡེ་ཁག་གིས་བརྙན་འཕྲིན་དང་། རླུང་འཕྲིན། སྐད་འཕྲིན་སྤྱི་སྟེགས་སོགས་བརྒྱུད་འབྲེལ་ཡོད་ལས་ཁུངས་དང་། མང་ཚོགས། ཁྲོམ་གཞུང་སོགས་གང་སར་དཔེ་མཚོན་གྱོད་གཞི་ཁྱབ་བསྒྲགས་བྱས་ཏེ། གྱོད་དཔེ་དཔེར་དྲངས་པ་དང་། གྱོད་དཔེར་བརྟེན་ནས་འགན་འཁྲི་གསལ་པོ་བཟོ་བ་སོགས་བྱས་ཡོད།
         ནག་ཆུ་གྲོང་ཁྱེར་སྨན་བཅོས་འགན་བཅོལ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཧྥང་ཀྲོའུ་ཡིས། སྨན་བཅོས་འགན་བཅོལ་དངུལ་མགོ་སྐོར་གཡོ་ལེན་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བའི་གཅིག་སྡུད་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་ཡག་པོ་སྤེལ་ཆེད། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་སྨན་བཅོས་འགན་སྲུང་སྡེ་ཁག་གིས་མཉམ་འབྲེལ་ཐོག་བྱ་སྤྱོད་སྤེལ་བ་དང་། ས་ཡུལ་དངོས་སུ་མང་ཚོགས་ཀྱི་དོགས་གནད་གསལ་པོ་བཟོས་པ། ནག་ཆུ་གྲོང་ཁྱེར་གྱི་འགན་བཅོལ་ནང་ཞུགས་མཁན་མང་ཚོགས་ལ་འབྲེལ་ཡོད་སྨན་བཅོས་འགན་བཅོལ་སྲིད་ཇུས་དང་ཁྲིམས་ལུགས་ཁྲིམས་སྲོལ་དྲིལ་བསྒྲགས་ཡག་པོ་བྱས་པ། ལྷག་དོན་དུ་འགན་བཅོལ་ནང་ཞུགས་མཁན་མང་ཚོགས་ཀྱིས་ས་ཆ་གཞན་དུ་སྨན་བཅོས་བྱས་པའི་མཇུག་རྩིས་དང་། རྩིས་ཞུ། གྱོད་དོན་ཐོ་འགོད་སོགས་འབྲེལ་ཡོད་སྲིད་ཇུས་ཞིབ་ཅིང་ཕྲ་བ་འགྲེལ་བཤད་བརྒྱབ་ཡོད་ཅེས་བཤད།

         ནག་ཆུ་གྲོང་ཁྱེར་སྨན་བཅོས་འགན་བཅོལ་ཐེབས་རྩ་ལྟ་སྐུལ་དོ་དམ་གྱི་སྤྱི་ཚོགས་ལྟ་སྐུལ་པ་ཕུར་བུ་སྒྲོལ་མས། རང་ཉིད་སྤྱི་ཚོགས་ཀྱི་ལྟ་སྐུལ་པ་ཞིག་ཡིན་པའི་ངོས་ནས། ཕྱོགས་གཅིག་ནས་མང་ཚོགས་ལ་ཐེར་འདོན་གྱི་བྱ་དགའ་སོགས་སྨན་བཅོས་འགན་བཅོལ་གྱི་འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་དྲིལ་བསྒྲགས་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་རང་ཉིད་ནས་སྨན་ཉོ་བའི་སྐབས་གནས་གཏན་འཁེལ་སྨན་བཅོས་ལས་ཁུངས་སུ་ཁྲིམས་འགལ་བྱ་སྤྱོད་གནས་ཡོད་མེད་དོ་སྣང་བྱེད་ཀྱི་ཡོད་ཅེས་བཤད།
         ནག་ཆུ་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུད་ཀྱི་ཏང་ཙུའི་ཁོངས་མི། ཅུད་ཀྲང་གཞོན་པ་མ་ཀྲེ་ཡོན་གྱིས། ད་ལོ་ནི་རྒྱལ་ཡོངས་ཀྱི་སྨན་བཅོས་འགན་སྲུང་ཐེབས་རྩར་ལྟ་སྐུལ་དོ་དམ་བྱེད་པའི་གཅིག་སྡུད་དྲིལ་བསྒྲགས་ཟླ་བ་ཐེངས་དྲུག་པ་དེ་ཡིན་ཞིང་། ང་ཚོས་སྨན་བཅོས་འགན་སྲུང་ཐེབས་རྩར་ལྟ་སྐུལ་དོ་དམ་བྱེད་པའི་ལས་ཀའི་འགན་སེམས་ཆེ་རུ་གཏོང་བ་དང་། སྨན་བཅོས་འགན་བཅོལ་དངུལ་མགོ་སྐོར་གཡོ་ལེན་བྱེད་པར་རྡུང་རྡེག་ནན་པོ་གཏོང་བ། ཐེབས་རྩའི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཞིག་ཏུ་བརྩིས་ཏེ། དྲིལ་བསྒྲགས་དང་བཅོས་སྒྲིག་མཉམ་སྤེལ་དང་། ཁྲིད་སྟོན་དང་ཁྲིམས་བསྟར་གལ་ཆེ་མཉམ་ལ་བརྩི་བཞིན་ཡོད། སྤྱི་ལོ2019ལོའི་ཚུན་ལ། བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུད་ཀྱིས་རྒྱུན་ལྡན་གྱི་བརྟག་དཔྱད་དང་། མཉམ་འབྲེལ་བརྟག་དཔྱད། ཆེད་དོན་བརྟག་དཔྱད་བཅས་བྱས་ཏེ། ལོ་ལྟར་གནས་གཏན་འཁེལ་གྱི་སྨན་བཅོས་ལས་ཁུངས་ཀྱི་ཐེབས་རྩར་ལྟ་སྐུལ་དོ་དམ་བྱ་རྒྱུ་ཁྱོན་ཡོངས་ལ་ཁྱབ་པ་དང་། ཐེར་འདོན་བྱས་པའི་གནད་དོན6བདག་སྤྲོད་བྱས་པ། གནད་དོན3ཞིབ་བཤེར་ཐག་གཅོད་བྱས་པ། ལས་ཁུངས2ལ་སྲིད་འཛིན་ཆད་པ་བཅད་པ། སྨན་བཅོས་འགན་སྲུང་ཐེབས་རྩ་ཁྱོན་སྒོར་ཁྲི1529ལྷག་ཚུར་ལེན་ཐུབ་པ་བྱུང་ཡོད་ཅེས་བཤད།
         མིག་སྔར། ནག་ཆུ་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཁོངས་གཏོགས་ལས་ཁུངས་ཀྱི་ཐུན་མོང་འབད་བརྩོན་འོག་སྨན་བཅོས་འགན་སྲུང་ཐེབས་རྩའི་ལྟ་སྐུལ་དོ་དམ་རྣམ་པ་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་། ལྟ་སྐུལ་དོ་དམ་གྱི་མཐོ་གནོན་རྣམ་པ་སྲ་བརྟན་དུ་བཏང་ཡོད།