ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

པར་ཙིར་དུ་དྲག་ཆར་བབས་ནས་མི136རྐྱེན་ལམ་དུ་ཤོར་འདུག

སྤེལ་དུས 2024-05-15 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
              ལུའུ་ཐུའུ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཟླ5པའི་ཚེས11ཉིན་པར་ཙིར་ལྷོ་རྒྱུད་ཀྱི་ནན་ལི་ཨའོ་ཀེ་ལན་ཏེ་ཀྲོའུ་ཡི་དམངས་སྲུང་སྒྲིག་གཞིས་ས་གནས་དེ་གར་དྲག་ཆར་བབས་ནས་མི136རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི125གར་སོང་ཆ་མེད་དུ་གྱུར་ཏེ། མི་ཁྲི53.7ཙམ་ཡུལ་གྱར་དུ་གྱུར་ཡོད་ཅེས་བཤད།
ས་གནས་དེ་གའི་དུས་ཚོད་ཟླ5པའི་ཚེས6ཉིན་པར་ཙིར་གྱི་ནན་ལི་ཨའོ་ཀེ་ལན་ཏེ་ཀྲོའུ་ཨ་ལེ་ཀེ་ལི་གྲུ་ཁའི་གནམ་ཐང་དུ་ཟོག་འདྲེན་གནམ་གྲུ་ཞིག་ཆུ་ལོག་གིས་བསྣུབས་པའི་རྒྱུག་ལམ་ཐོག་ལུས་ཡོད།
              གནས་ཚུལ་སྤེལ་བར་གཞིགས་ན། གནམ་གཤིས་སྔོན་བརྡ་གཏོང་མཁན་གྱིས་དྲག་ཆར་གནས་སྐབས་བབ་མཚམས་ཆད་ཀྱང་ས་གནས་དེ་གའི་དུས་ཚོད་ཚེས10ཉིན་སླར་ཡང་ཆར་པ་བབས་རྒྱུ་རེད་ཅེས་བརྗོད་པས་གནས་ཚུལ་དེས་མི་རྣམས་སེམས་ཁྲལ་ཆེན་པོ་བཟོས་ཡོད། 
              ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། པར་ཙིར་རྒྱལ་ཁབ་གནམ་གཤིས་ཞིབ་འཇུག་སུའོ་ཡིས་ས་གནས་དེ་གའི་དུས་ཚོད་ཚེས10ཉིན་སྤྱི་བསྒྲགས་སྤེལ་ནས་གཟའ་མཇུག་ཏུ་ཆར་ཆུ་འབབ་ཚད་ལི་སྨི15ལས་བརྒལ་སྲིད་པ་མ་ཟད། ཆུ་ལོག་གི་གནོད་འཚེ་ཡང་ཆེ་རུ་འགྲོ་སྲིད་ཅེས་འཁོད་ཡོད། 
              ཀྲོའུ་ཀྲང་ཨའེ་ཏེ་ཧྭ་ཏུའོ•ལའེ་ཐེ་ཡིས། ཉེ་ཆར་རྩིས་རྒྱག་རགས་ཙམ་བྱས་པའི་འབྲས་བུ་ལས་མངོན་པར། གནོད་འཚེ་བྱུང་རྗེས་གེགས་རྗེས་བསྐྱར་སྐྲུན་བྱེད་པར་ཉུང་མཐར་ཡང་ལེ་ཡར་དུང་ཕྱུར190(ཨ་སྒོར་དུང་ཕྱུར36.8ཙམ)དགོས་ཀྱི་ཡོད་ཅེས་བཤད།  
              ཟླ4པའི་ཚེས29ཉིན་ནས་བཟུང་ནན་ལི་ཨའོ་ཀེ་ལན་ཏེ་ཀྲོའུ་ལ་ཉིན་བསྟུད་མར་དྲག་ཆར་བབས་ཏེ་ཆུ་ལོག་དང་རི་ཉིལ་བའི་གནས་ཚུལ་ཐོན།

རྩོམ་སྒྲིག་པ། དཔལ་གཡང་།