ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

མཚོ་བྱང་བོད་ལུག་མཚེ་རྒྱུད་རྒྱུད་སྤེལ་ཆུ་ཚད་རྒྱལ་ཡོངས་ཀྱི་སྔོན་གྲས་སུ་སླེབས།

སྤེལ་དུས 2024-05-15 ཡོང་ཁུངས། མཚོ་བྱང་བོད་ཡིག་ཚགས་པར། རྩོམ་པ་པོ། གུ་རུ་སྐྱབས།
            ཉེ་ཆར་གསར་འགོད་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མཐོ་སྒང་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་གི་བོད་ལུག་མཚེ་རྒྱུད་གསོ་སྤེལ་ར་བ་རུ་བཙས་ནས་ཡུན་རིང་མ་འགོར་པའི་མཚེ་རྒྱུད་ལུ་གུ་དག་སྐྱེ་སྟོབས་ཆེན་པོས་འཚར་ལོངས་བྱུང་བཞིན་ཡོད་པ་དང་། ཞིབ་ཚགས་ཅན་གྱི་གསོ་སྤེལ་དོ་དམ་བྱས་པ་བརྒྱུད་མཚེ་མ་མང་བའི་ཚད་དང་གསོན་ཚད་སོགས་ཀྱི་དམིགས་ཚད་ལོ་རེ་བཞིན་མཐོ་རུ་ཕྱིན་ནས་འདེམས་གསོའི་ཕན་འབྲས་བཟང་པོ་ཐོན་པ་མཐོང་བྱུང་།

            2023ལོའི་ཟླ10པ་ནས་ད་བར་མཚོ་བྱང་ཁུལ་མཐོ་སྒང་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་དང་རྫོང་བཞིའི་ལྟེ་བའི་ཚོགས་པ། སྐྱེ་སྤེལ་ཚོགས་པ་བོད་ལུག་མཚེ་རྒྱུད2500ལྷག་ཙམ་བཙས། ལྟེ་བའི་ཚོགས་པ་རུ་མཚེ་རྒྱུད་བཙའ་ཚད53.6%-64.5%བར་ཟིན་པ་དེས་མཚོ་བྱང་ཁུལ་གྱི་བོད་ལུག་མཚེ་རྒྱུད་འདེམས་གསོའི་བྱ་བར་གྲུབ་འབྲས་གསར་པ་ཐོབ་པ་དང་དུས་མཚམས་གསར་པར་སླེབས་པ་མཚོན་ལ། བོད་ལུག་མཚེ་རྒྱུད་བཙའ་གསོའི་ཆུ་ཚད་དེ་རྒྱལ་ཡོངས་ཀྱི་སྔོན་ཐོན་གནས་བབ་ཏུ་གནས་ཡོད།

            བོད་ལུག་སྐྱེ་འཕེལ་གྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱེད་པ་དང་མཚོ་བོད་མཐོ་སྒང་འཕེལ་རྒྱས་དང་འཚམ་པའི་མཚེ་རྒྱུད་རིགས་གསར་པ་གསོ་སྐྱོང་བྱ་ཆེད། 2014ལོ་ནས་བཟུང་ཚན་ཞིབ་ཚོགས་པས་རྒྱལ་ཁབ་ཁུ་ལུ་ཐོན་ལས་ལག་རྩལ་མ་ལག་དང་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་སོགས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག ཁུལ་དང་རྫོང་གི་འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་ཐོག་བོད་ལུག་མཚེ་རྒྱུད་ནུས་པ་སྔོག་འདོན་དང་གསར་གཏོད་བེད་སྤྱོད་བྱ་བ་སྤེལ་མགོ་བརྩམས། ཆ་རྡུལ་ལག་རྩལ་དང་སྲོལ་རྒྱུན་གྱི་འདེམས་གསོའི་བྱ་ཐབས་སྤྱད་དེ་ཉེ་བའི་ལོ་བཅུའི་རིང་འབད་བརྩོན་བྱས་པ་བརྒྱུད་གྲངས་འབོར་མང་བའི་ལྷད་མེད་དང་འདྲེས་སྦྱོར་རྒྱུད་སྤེལ་ཚོགས་སྤྱི་འདེམས་གསོ་བྱས་ནས་བཙུགས་ཏེ་བོད་ལུག་མཚེ་རྒྱུད་ཁ་ཕྱོགས་གཏན་འཁེལ་གྱིས་བོད་ལུག་མཚེ་རྒྱུད་རྒྱུད་སྤེལ་བྱ་བར་རྨང་གཞི་བརྟན་པོ་བཏིངས་ཡོད།
མིག་སྔར། ཁུལ་ཡོངས་སུ་རྒྱུད་སྤེལ་ལྟེ་བའི་ཚོགས་པ3བཙུགས་པ་དང་སྐྱེ་འཕེལ་ཚོགས་པ23རྒྱ་ཆེར་བཏང་བས་བོད་ལུག་གྲངས་ཀ་9000ལྷག་ཙམ་ཟིན། ཚན་ཞིབ་ཚོགས་པས་ལག་རྩལ་ཞིབ་འཇུག་བྱས་པ་དང་ཆབས་ཅིག་བོད་ལུག་མཚེ་རྒྱུད་འདེམས་གསོ། སྐྱེ་འཕེལ་རྒྱ་ཆེར་གཏོང་བ་དང་གསོ་སྤེལ་དོ་དམ་ལག་རྩལ་དཔེ་སྟོན་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་ནས་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དང་བེད་སྤྱོད་བྱེད་ཚད་ཇེ་མགྱོགས་སུ་བཏང་བས་བོད་ལུག་མཚེ་རྒྱུད་གསོ་སྤེལ་དཔེ་སྟོན་ཁྱིམ་ཚང་གི་གསོ་སྤེལ་ཕན་འབྲས་ཆེས་ཆེར་ཕྱིན།
            རྒྱུས་ལོན་པར་གཞིགས་ན། མཚོ་བྱང་གིས་ལོ3ནས5བར་གྱི་དུས་ཚོད་སྤྱད་དེ་རྒྱུད་སྤེལ་ཁ་ཕྱོགས་གསལ་བ་དང་། ངོ་བོ་དང་གཟུགས་དབྱིབས་མངོན་གསལ་དོད་པ། གཤིས་ནུས་ཕུལ་དུ་བྱུང་བ་བཅས་ཀྱི་སོན་གསོའི་ཚོགས་པ་ཞིག་བསྐྲུན་ནས་གཞི་ཁྱོན15000ཡན་ཟིན་པར་བྱས་ཏེ་རྒྱལ་ཁབ་ཀྱི་བོད་ལུག་གི་ལུག་རྒྱུད་གསར་པ་རེ་ཞུ་བྱས་ནས་མཚོ་བྱང་ཁུལ་གྱི་བོད་ལུག་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གྱི་སྣེ་ཁྲིད་ཁུལ་གཏོད་ཆེད་ལག་རྩལ་གྱི་འདེགས་སྐྱོར་བརྟན་པོ་ཞིག་མཁོ་འདོན་བྱས་ཡོད།
 
རྩོམ་སྒྲིག་པ། རིག་གྲོལ།