ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཕ་ལེ་སི་ཐན་མཉམ་འབྲེལ་རྒྱལ་ཚོགས་ནང་ཞུགས་རྒྱུར་གྲོས་འཆམ་བྱུང་བ།

སྤེལ་དུས 2024-05-15 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

              ཚེས10ཉིན། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ཐེངས་བཅུ་པའི་ཛ་དྲག་དམིགས་བསལ་ཚོགས་འདུའི་ཐོག་མོས་མཐུན་འདེམས་ཤོག143དང་། ངོ་རྒོལ་འདེམས་ཤོག9དང་།  དབང་ཆ་དོར་བའི་འདེམས་ཤོག25བཅས་ཀྱིས་གྲོས་ཆོད་ལ་གྲོས་འཆམ་བྱུང་སྟེ། ཕ་ལེ་སི་ཐན་རྒྱལ་ཁབ《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས》ནང་གཏན་འབེབས་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཁོངས་རྒྱལ་ཁབ་ཀྱི་ཐོབ་ཐང་དང་མཐུན་པས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཁོངས་རྒྱལ་ཁབ་ལ་དང་ལེན་བྱེད་དགོས་པའི་ངོས་འཛིན་བྱས།
              གྲོས་ཆོད་ནང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས“ཕན་ཡོད་ཀྱི་ཟུར་ཚད”ཐོག་ནས་ཕ་ལེ་སི་ཐན་ཚོགས་ཁོངས་རྒྱལ་ཁབ་ཀྱི་མིང་ཐོག་ནས་མཉམ་འབྲེལ་རྒྱལ་ཚོགས་ནང་ཞུགས་རྒྱུའི་རེ་ཞུར་སླར་ཡང་གྲོས་ཞིབ་བྱ་རྒྱུའི་གྲོས་འགོ་བཏོན།
              ཕ་ལེ་སི་ཐན་ནི་མིག་སྔར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟ་ཞིབ་རྒྱལ་ཁབ་ཅིག་རེད། ཕ་ལེ་སི་ཐན་གྱིས2011ལོའི་ཟླ9པར་སྐབས་དེ་དུས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཡིན་པའི་ཕན་ཅི་ཝུན་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཁོངས་རྒྱལ་ཁབ་ཏུ་འགྱུར་རྒྱུའི་རེ་ཞུ་དངོས་སུ་ཕུལ་ཡང་བདེ་འཇགས་ལས་འཛིན་ལྷན་ཚོགས་ནས་གྲོས་འཆམ་བྱུང་མེད། སྐབས་དེ་དུས་ཨ་རིས་གནད་དོན་དེའི་ཐད་ལངས་ཕྱོགས་བཙན་པོ་བཟུང་བས་ཕ་ལེ་སི་ཐན་གྱིས་རེ་ཞུ་བྱེད་མཚམས་བཞག
              ད་ལོའི་ཟླ4པའི་ཟླ་འགོར། ཕ་ལེ་སི་ཐན་གྱི་རེ་ཞུ་ལྟར་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འཛིན་རྒྱལ་ཁབ15ཡིས་ཕ་ལེ་སི་ཐན་མཉམ་འབྲེལ་རྒྱལ་ཚོགས་ནང་ཞུགས་རྒྱུའི་རེ་ཞུར་སླར་ཡང་གྲོས་ཞིབ་བྱས་པ་དང་འབྲེལ་ཟླ4པའི་ཚེས18ཉིན“ཕ་ལེ་སི་ཐན་རྒྱལ་ཁབ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཁོངས་རྒྱལ་ཁབ་ངོ་མར་འགྱུར་རྒྱུའི”གྲོས་ཆོད་འཆར་ཟིན་ལ་འདེམས་ཤོག་འཕངས། འཆར་ཟིན་དེར་རྒྱབ་སྐྱོར་འདེམས་ཤོག12ཐོབ་པ་དང་། འདེམས་ཤོག2དབང་ཆ་དོར་བ། ངོ་རྒོལ་འདེམས་ཤོག1འཕངས་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་འགན་རྒྱུན་འཛིན་བྱེད་མཁན་རྒྱལ་ཁབ་ཨ་རིས་ཁས་མི་ལེན་པའི་དབང་ཆ་སྤྱད་དེ་ངོ་རྒོལ་གྱི་འདེམས་ཤོག་འཕངས་པས་འཆར་ཟིན་ལ་གྲོས་འཆམ་བྱུང་མེད།

རྩོམ་སྒྲིག་པ། དཔལ་གཡང་།