ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

མི་རབས་གསུམ་གྱིས་མཚོ་བོད་ལྕགས་ལམ་གྱི་འཕོ་འགྱུར་བདེན་དཔང་བྱས་པ།

སྤེལ་དུས 2024-05-16 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
              2024ལོ་ནི་མཚོ་བོད་ལྕགས་ལམ་གྱི་ཟི་ལིང་ནས་ན་གོར་མོ་བར་གྱི་ལྕགས་ལམ་དུམ་བུ་ཤར་གཏོང་ཐུབ་ནས་ལོ40འཁོར་བ་རེད། ལོ40ཡི་རིང་མཚོ་བོད་ལྕགས་ལམ་གྱི་མི་རབས་ནས་མི་རབས་བར་གྱིས་མདུན་སྐྱོད་ཀྱི་རྗེས་མཐུད་དེ་མཚོ་བོད་ལྕགས་ལམ་བདེ་འཇགས་དང་ཤར་གཏོང་ཐུབ་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིའི་གཏེར་ལེན་ཁ་བཟོ་ལས་དུམ་བུ་ཚྭ་འདམ་ཆེན་མོའི་ལམ་ཐིག་འཁོར་ཁང་གི་ཚྭ་འདམ་ཆུང་ངུའི་ལམ་ཐིག་བཟོ་ཁུལ་ནས་ཡོང་བའི་ཀྲའོ་ཧའེ་ཀྲུང་མི་རབས་གསུམ་ནི་ལྕགས་ལམ་བ་ཁྲི་སྟོང་མང་པོའི་བསྡུས་རིས་ཤིག་རེད། 
              ལམ་བཟོ་བ་མི་རབས་དང་པོའི་ལམ་ཐོག་གི་བྲལ་དུ་མི་རུང་བའི“ནོར་བུ་གསུམ།”
              1958ལོར་ཀྲའོ་ཧའེ་ཀྲུང་གི་ཕ་ཀྲའོ་ཧེང་ཞུའེ་ཡིས་རྒྱལ་ཁབ་ཀྱི་ལམ་ཐིག་གསུམ་པའི་འཛུགས་སྐྲུན་ལ་རོགས་སྐྱོར་བྱ་ཆེད། ལས་མི་བསྡུས་ནས་ཐག་རིང་གི་ཧོ་ནན་ནས་མཚོ་བོད་ས་མཐོར་ཡོང་སྟེ་ལན་ཀྲོའུ་ནས་ཟི་ལིང་བར་གྱི་ལྕགས་ལམ་འཛུགས་སྐྲུན་ནང་ཞུགས། ལྕགས་ལམ་འདིང་རྒྱུ་དང་། རྒྱུ་ཁ་རྒལ་པར་འཁྱེར་ནས་དབོར་བ་སོགས་ཀྱི་ལས་ཀ་མང་པོ་ཡོད་པས་ཕལ་ཆེར་ཉིན་ལྟར་སྔ་ལངས་ཕྱི་ཉལ་གྱིས་རེས་མོས་བྱེད་ཀྱི་ཡོད། ལན་ཀྲོའུ་ནས་ཟི་ལིང་བར་གྱི་ལྕགས་ལམ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་རྗེས་ཀྲའོ་ཧེང་ཞུའེ་ལྕགས་ལམ་སྡེ་ཚན་དུ་ལས་ཀ་བྱེད་པར་བསྐྱོད། 1983ལོར་རྒྱལ་ཁབ་ཀྱི་འབོད་སྐུལ་དང་ལེན་ཧུར་ཐག་བྱ་ཆེད། ཀྲའོ་ཧེང་ཞུའེ་ཡི་ནང་མི་ཚང་མ་མཉམ་དུ་ཟི་ལིང་དུ་ཡོང་སྟེ་གཏེར་ལེན་ཁ་བཟོ་ལས་དུམ་བུར་ལས་ཀ་བྱེད་པར་ཡོང་ནས་མཚོ་བོད་ལྕགས་ལམ་གྱི་ཟི་ལིང་ནས་ན་གོར་མོ་བར་གྱི་ལྕགས་ལམ་དུམ་བུ་ཤར་གཏོང་བྱས་རྗེས་ཀྱི་ལམ་གསོ་མཁན་ཁག་དང་པོར་གྱུར། སྐབས་དེར་སྐུད་ལམ་ཉམས་གསོ་བྱེད་པའི་ལས་ཀ་ཚང་མ་ནི་ལུས་ཤུགས་ཀྱི་ལས་ཀ་ཡིན་པ་མ་ཟད། ལས་ཀའི་ཡོ་བྱད་ཀྱང་རྗེས་ལུས་དང་ལྗིད་རྫོབ་ཆེ་བ་ཞིག་ཡིན་པས། ལམ་གསོའི་ལས་བཟོ་པའི་ནོར་བུ་གསུམ་སྟེ་འཇོར་བུ་དང་། སྤར་མོ། སྲིང་བལ་སྟོད་ཐུང་བཅས་ཡིན། ཚང་མས་ཕན་ཚུན་གད་མོ་སློང་ནས“ཐག་རིང་ནས་བལྟས་ན་ལྟོ་སློང་མཁན་འདྲ་པོ་ཡོད་པ་དང་ཉེ་བར་བཅར་ན་གཞི་ནས་ལམ་བཟོ་བ་ཡིན་པ་ཤེས་ཐུབ”ཅེས་ཟེར་གྱི་ཡོད། 
              ཁོར་ཡུག་དེ་འདྲ་ཞིག་གི་ཁྲོད་ཀྲའོ་ཧེང་ཞུའེ་ཡིས་སྔར་བཞིན་དཀའ་སྡུག་ལ་མི་སྐྲག་པར་དཀའ་སྡུག་མྱོང་ཐུབ་པའི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ་ས་རྒོད་སྟེང་ལས་གནས་བརྟན་སྲུང་བྱས་ཏེ་ལས་འཁྱུར་ངལ་གསོ་མ་བརྒྱབ་པའི་བར་དུ་བསྡད། ཀྲའོ་ཧེང་ཞུའེ་ཡིས་རྒྱུན་དུ“ཁོར་ཡུག་གི་ཆ་རྐྱེན་ཡག་པོ་མེད་ཀྱང་ལྕགས་ལམ་ཡོད་པའི་ས་གནས་སུ་ཉམས་གསོ་དང་སྲུང་སྐྱོབ་བྱེད་མཁན་ཡོད་པས་དུས་ཡུན་རིང་པོ་ཕྱིན་ན་གོམས་ཀྱི་འདུག”ཅེས་བཤད། 
              ལམ་བཟོ་བ་མི་རབས་གཉིས་པའི་སྐབས་ལས་བཟོའི་ཡོ་བྱད་འཕྲུལ་ཆས་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་ཕྱིན་པ།
              1987ལོར་ཀྲའོ་ཧའེ་ཀྲུང་མཚོ་བོད་ལྕགས་ལམ་གྱི་ཟི་ལིང་ནས་ན་གོར་མོ་བར་གྱི་ལྕགས་ལམ་དུམ་བུར་ལས་བགོས་བརྒྱབ་ནས་སྔ་རྗེས་སུ་ཨོའུ་ལུང་རི་བོ་དང་། ཧུང་ཐེ་རི་བོ། ཞི་ཐེ་རི་བོ། ཡན་མ་རོང་། ཚྭ་འདམ་ཆུང་བ་སོགས་ལམ་ཐིག་བཟོ་ཁུལ་དུ་ལམ་ཐིག་བཟོ་པ་དང་འཛིན་དཔོན་གྱི་ལས་འགན་འཁུར་ནས་ལྕགས་ལམ་ལམ་ཐིག་ཉམས་གསོ་དང་བདག་སྐྱོང་གི་ལས་ཀར་གཞོལ་ཡོད། ལས་ཀར་ཞུགས་མ་ཐག་པའི་དུས་དེར་ཕྱིར་དྲན་བྱེད་སྐབས། མཚོ་བོད་ལྕགས་ལམ་ནི་ད་དུང་འཁོར་ལམ་རྐྱང་པ་དང་གློག་ཤུགས་མིན་པའི་ལམ་ཐིག་ཡིན་པ་དང་། མེ་འཁོར་གྱི་མྱུར་ཚད་ཀྱང་ཆུ་ཚོད་རེར་སྤྱི་ལེ་བཞི་བཅུ་ལྔ་བཅུ་ལས་བསྐྱོད་ཐུབ་ཀྱི་མེད། 
              དང་ཐོག་ལམ་ཐིག་ཉམས་གསོ་བྱེད་སྐབས་ད་དུང་ལམ་སྲུང་ལས་བཟོ་རྒན་པའི“ནོར་བུ་གསུམ”སྤྱོད་ཀྱི་ཡོད་པ་དང་། ཉིན་ལྟར་གྱི་ལས་ཀ་ནི་འཇོར་བུ་བེད་སྤྱོད་བྱས་ནས་ལམ་ཐིག་བཟོས་ཏེ་མེ་འཁོར་བརྟན་པོ་དང་བདེ་འཇགས་ངང་སྐྱོད་ཐུབ་པ་བྱ་རྒྱུ་དེ་རེད། སྐབས་དེར་མི་གཉིས་རེ་ཁ་གཏད་བྱས་ནས་ཉིན་ལྟར་སྔས་ཤིང100ལྷག་ཙམ་གྱི་མཐའ་འཁོར་གྱི་རྩིག་པ་བརྟན་དུ་གཏོང་བའི་ལས་ཀ་བྱེད་དགོས་པ་དང་། ཉིན་གཅིག་ལ་འཇོར་བུ་ཐེངས་གྲངས6800ལྷག་ཙམ་གཞུ་དགོས་ཀྱི་ཡོད། ཕྱིས་སུ་འཕྲུལ་ཆས་ཅན་གྱི་ཡོ་བྱད་འབོར་ཆེན་གྱིས་ལམ་སྲུང་ལས་བཟོ་རྒན་གྲས་ཚོའི“ནོར་བུ་གསུམ”གྱི་ཚབ་བྱེད་འགོ་བཙུགས་པ་དང་། སྐུད་ལམ་རྡུང་བའི་ལས་ཀ་ཡང་ནང་འབར་ཝེ་ཁེ་རྡུང་བྱེད་འཕྲུལ་ཆས་སྤྱད་དེ་མི་གཉིས་ཀྱིས་མཉམ་ལས་བྱས་ནས་ཆུ་ཚོད་གཉིས་ཀྱི་ནང་ཨར་འདམ་སྔས40ནས50བར་རྡུང་བའི་ཡོ་བྱད་དེ་འཕྲུལ་ཆས་ཅན་གྱི་ཕྱོགས་སུ་རིམ་བཞིན་འཕེལ་རྒྱས་ཕྱིན་ཡོད། 
              ལས་ཀར་ཞུགས་ནས་ལོ40ཙམ་སོང་རིང་ཁོང་ལ་སྤོབས་པ་ཆེན་པོ་སྐྱེ་བའི་བྱ་བ་ནི་ལས་རིགས་འཚོ་བའི་ནང་ལྕགས་ལམ་གྱི་མྱུར་ཚད་མགྱོགས་སུ་བཏང་བ་དང་ཁོང་གིས་ལས་གནས་ཐོག་བདེ་འཇགས་དོན་རྐྱེན་གཅིག་ཀྱང་བྱུང་མྱོང་མེད་པ་མ་ཟད། ཁོང་རང་ཉིད་ལའང་ལྕགས་ལམ་དུམ་བུ་དང་ཚོགས་པ་ཀུང་སིའི་སྔོན་ཐོན་ཐོན་སྐྱེད་པ་དང་། ཕུལ་བྱུང་བཟོ་ལས་འཛིན་དཔོན། ཕུལ་བྱུང་གུང་ཁྲན་ཏང་ཡོན་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐེངས་མང་ཐོབ་ཡོད།
              དེང་རབས་ཀྱི་ལམ་བཟོ་བས་ཉམས་གསོ་ཞིབ་ཚགས་དང་། གནད་ལ་འཁེལ་བ། སྤུས་ལེགས་ཅན་བཅས་ལ་དེ་བས་མཐོང་ཆེན་བྱེད་པ། 
              ཆུང་དུས་ནས་ལྕགས་ལམ་འགྲམ་དུ་འཚར་ལོངས་བྱུང་བའི་ཀྲའོ་མིང་ཐའོ་ནི་ཆུང་དུས་སུ་ཨ་ཕ་ཀྲའོ་ཧའེ་ཀྲུང་གིས་ལས་ཀ་བྱེད་སའི་ལམ་རྒྱུད་ཀྱི་བཟོ་ཁུལ་གྱི་སྒོ་རར་རྩེད་མོ་རྩེ་བཞིན་ཡོད། ལྕགས་ལམ་ཐོག་གི་ལྕགས་གཟེར་རྙིང་པ་སོགས་ཚང་མ་ཁོང་གི་བྱིས་དུས་ཀྱི་རྩེད་ཆས་ཡིན་ཞིང་། དེ་དག་ཆུང་དུས་ནས་འབྲེལ་འདྲིས་བྱེད་མང་བས་ལྕགས་ལམ་ལ་རྒྱུས་མངའ་དེ་བས་ཆེ་བ་དང་ལྕགས་ལམ་ལ་དམིགས་བསལ་གྱི་བརྩེ་དུང་ཞིག་ཀྱང་ཡོད། 2016ལོའི་ཟླ12པར་སློབ་ཆེན་ནས་ཐོན་རྗེས་ཁོང་གདན་ཞུའི་རྒྱུགས་ལེན་ནང་ཞུགས་ནས་བསམ་འདུན་བཞིན་མཚོ་བོད་ལྕགས་ལམ་དུ་ལས་ཀ་བྱེད་པར་ཡོང་བ་དང་། སྟབས་འཁེལ་བ་ཞིག་ལ་ཁོང་ཀྱང་གཏེར་ལེན་ཁ་ལས་དོན་དུམ་བུར་ལས་བགོས་བརྒྱབ་པ་མ་ཟད། འཛམ་གླིང་གི་ས་བབ་མཐོ་བའི་ཕུག་ལམ་ཆེས་རིང་ཤོས་ཡིན་པའི་ཤིན་ཀོན་ཅའོ་ཕུག་ལམ་དུ་ལས་ཀ་བྱེད་ཀྱི་ཡོད། 
              ད་ཆ་མཚོ་བོད་ས་མཐོའི་ལྕགས་ལམ་གྱི་ཟམ་པའི་སྒྲིག་ཆས་ཉམས་གསོ་ལས་དོན་ཐད་ཚན་རྩལ་གསར་པ་དེ་བས་མང་བ་སྤྱད་ཡོད་པ་དང་། ས་མཐོའི་ལྕགས་ལམ་ལས་བཟོས་གློག་རྡུལ་ལམ་ཁྲེ་དང་། སྐུལ་འོད་བར་ཐག་འཇལ་ཆས། འཁོར་ལམ་ཞིབ་བཤེར་ཡོ་བྱད་སོགས་སྔོན་ཐོན་སྒྲིག་ཆས་སྤྱད་དེ་ལམ་ཐིག་སྲུང་སྐྱོང་བྱེད་ཀྱི་ཡོད་པ་དང་། སྒྲིག་ཆས་ཉམས་གསོ་བྱེད་སྐབས་ཞིབ་ཚགས་དང་། གནད་ལ་འཁེལ་བ། སྤུས་ལེགས་ཅན་བཅས་ལ་དེ་བས་མཐོང་ཆེན་བྱས་པས་སྒྲིག་ཆས་ཀྱི་སྤུས་ཚད་ལེགས་སུ་ཕྱིན་ཡོད། ཀྲའོ་མིང་ཐའོ་ཡི་མིག་ནང་མེ་འཁོར་འཁོར་སྐྱོད་མྱུར་ཚད་མཐོ་རུ་ཕྱིན་པ་དང་ལས་བཟོ་པའི་ངལ་རྩོལ་ཤུགས་ཚད་ཆུང་དུ་ཕྱིན་ནས་ཚང་མའི་འཚོ་བའི་སྤུས་ཚད་ཀྱང་ཇེ་ལེགས་སུ་ཕྱིན་པ་མཐོང་ཡོད། 
              དུས་རབས་འཕོ་འགྱུར་འགྲོ་བཞིན་ཡོད་ལ། ལྕགས་ལམ་ཡང་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བཞིན་ཡོད། ལམ་ཐིག་རྐྱང་པར་འཁོར་སྐྱོད་བྱེད་པ་ནས་ལམ་རྐྱང་གློག་ཤུགས་ཅན་དུ་འགྱུར་བའི་བར་དང་། ཤར་རླུང་རྟགས་ཅན་གྱི་འབར་རླངས་མེ་འཁོར་ནས་ཞི་མཐུན་རྣམ་པའི་གློག་ཤུགས་མེ་འཁོར་བར་ད་ཆ་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ160ཡོད་པའི་བསྐྱར་དར་རྟགས་ཅན་གྱི་མེ་འཁོར་འཁོར་སྐྱོད་བྱེད་ཀྱི་ཡོད། མེས་པོ་དང་ཚ་བོ་མི་རབས་གསུམ་གྱིས་མཚོ་བོད་ལྕགས་ལམ་གྱི་ཟི་ལིང་ནས་ན་གོར་མོ་བར་གྱི་ལྕགས་ལམ་དུམ་བུ་འཕེལ་རྒྱས་ཀྱི་དུས་སྐབས་མི་འདྲ་བར་ནུས་པ་གཅིག་མཚུངས་བཏོན་པ་དང་། ཁོང་ཚོས་ལྕགས་ལམ་ལ་བཅངས་པའི་བརྩེ་སེམས་རྒྱུན་འཛིན་བྱས་ཡོད་ལ་མི་རབས་སྔོན་མའི་འགན་འཁུར་སྙིང་སྟོབས་ཀྱང་རྒྱུན་འཛིན་བྱས་ཡོད། ཁོང་ཚོ་ནི་མཚོ་བོད་ལྕགས་ལམ་འཕེལ་རྒྱས་ཀྱི་ཉམས་མྱོང་པ་དང་དེའི་ནང་ཞུགས་མཁན་ཡིན་ལ་དཔང་པོ་ཡང་ཡིན། ཁོང་ཚོའི་ལས་ཀའི་ལོ་རྒྱུས་ནི་མཚོ་བོད་ལྕགས་ལམ་གྱི་ཟི་ལིང་ནས་ན་གོར་མོ་བར་གྱི་ལྕགས་ལམ་དུམ་བུའི་འཕོ་འགྱུར་གྱི་ལོ་རྒྱུས་ཡིན།

རྩོམ་སྒྲིག་པ། དཔལ་གཡང་།