ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

གནམ་མཚོ་ཕྱུག་མོས་ཁྱེད་ལ་དགའ་བསུ་ཞུ།

སྤེལ་དུས 2024-05-22 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བདེ་སྐྱིད་སྒྲོལ་མ།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་དང་ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་གི་མངའ་ཁོངས་སུ་གནས་པའི་གནམ་མཚོ་ཕྱུག་མོ་ནི་བོད་ལྗོངས་ཀྱི་གནས་མཚོ་ཆེ་གྲས་གསུམ་གྱི་ཡ་གྱལ་ཡིན། ཟླ5པའི་ཚེས19ཉིན་གྱི་ཀྲུང་གོའི་ཡུལ་སྐོར་ཉིན་མོར། གྲང་ངར་ཆེ་བའི་དགུན་ཁ་ཕར་ལ་སྐྱེལ་ཟིན་པའི་གནམ་མཚོ་ཕྱུག་མོས་ཀྱང་མཚོ་མོའི་དར་ཁ་ཞིག་པའི་ཉིན་མོ་བསུས་ཡོད། ཉིན་དེའི་སྔ་དྲོར“2024ལོའི་ལྷ་ས་རིག་གནས་ཡུལ་སྐོར་ཐོན་ལས་གོང་འཕེལ་ཚོགས་ཆེན། གནམ་མཚོའི་དར་ཁ་ཞིག་པའི་ཉིན་མོ”བཀྲ་ཤིས་ཕྱེད་གླིང་བྱང་རྒྱུད་ཀྱི་མཚོ་ངོགས་སུ་འགོ་ཚུགས་པ་རེད།

གནམ་མཚོའི་ཡུལ་ལྗོངས།
            གངས་རི་དཀར་པོའི་གོས་བཟང་བཀླུབས་པའི་གཉན་ཆེན་ཐང་ལའི་རི་རྒྱུད་དུ་མཛེས་པའི་སྨུག་སྤྲིན་ལྷོད་ཀྱིས་རྒྱུ་ལ། གཡུ་ཡི་མེ་ལོང་ས་སྟེང་དུ་འཕོས་པ་འདྲ་བའི་གནམ་མཚོ་ཕྱུག་མོའི་མུ་མཐའ་མཐོང་ཐབས་བྲལ། འབྲོག་པ་ཚོས་གཡང་ནོར་དཀར་པོ་ཁྲིད་ནས་མཚོ་ངོགས་སུ་འཆམ་འཆམ་བྱེད་པ་དང་། ཆུ་སྐྱར་མགོ་སྨུག་ཁྱུ་དང་ཁྱུས་སྐད་སྙན་སྒྲོག་བཞིན་མཁའ་དབྱིངས་སུ་རང་འདོད་ལྟར་འཕུར་བཞིན་གདའ། ཡིད་དབང་རབ་ཏུ་འཕྲོག་པའི་མཛེས་ལྗོངས་འདི་ལྟ་བུ་རྒྱབ་ལྗོངས་སུ་བྱས་པའི་གསོལ་འདེབས་མཛད་སྒོའི་ཐོག་ཏུ།  ལུས་ལ་རྒྱན་གོས་ལེགས་པར་སྤྲས་པའི་འཁྲབ་སྟོན་པ300ཡིས་ལག་ཏུ་ཁ་བཏགས་དང་། ནོར་གནག་གི་ར་ཅོ། འུར་རྡོ་སོགས་འཁྱེར་ནས་གསོལ་འདེབས་མཛད་སྒོ་གཟབ་རྒྱས་ཤིག་སྤེལ་ཏེ།  གནས་དེར་ཡོད་པའི་ལྟད་མོ་བ་ཚོར་བྱང་ཐང་ས་མཐོའི་ཐུན་མོང་མ་ཡིན་པའི་མིག་ཡིད་རྣ་བའི་དགའ་སྟོན་ཞིག་བཤམས་ཡོད།

འཁྲབ་སྟོན་པ་ཚོས་འདམ་གཞུང་གི་ཁྱད་ཆོས་ཟབ་མོ་ལྡན་པའི་ཞབས་བྲོ་འཁྲབ་བཞིན་པ།
            ཆུ་ལེན་མཛད་སྒོའི་ཐོག་དབུ་སྐྲ་དུང་ལྟར་དཀར་བའི་བྱམས་བརྩེ་ལྡན་པའི་རྒན་རྒོན་ཞིག་གིས་སྲོལ་རྒྱུན་གྱི་བོད་ལུགས་གཉེན་སྟོན་གྱི་རྟེན་འབྲེལ་གླུ་གཞས་ལེན་གྱིན།  དྭངས་གཙང་དང་མཛའ་གྲོགས་མཚོན་བྱེད་ཀྱི་ནོར་དཀར་པོ་འཁྲིད་དེ།  འཁྲབ་སྟོན་པ300ཡི་ཁྲོད་ནས་དལ་པོར་ཡོང་སྟེ་གནམ་མཚོ་ནས་དར་ཁ་ཞིག་རྗེས་ཀྱི་ཆུ་ཕུད་ཆུ་ཟོམ་དང་པོ་དེ་བླངས་ཏེ།  འགྱུར་མེད་རྟག་བརྟན་གྱི་ཕོ་མོའི་བརྩེ་དུང་ལ་རེ་སྨོན་བཅངས་བཞིན་པའི་ན་གཞོན་ཕོ་མོ་ཚོར་སྨོན་འདུན་གྱི་ཞལ་ཁྲུས་གནངས་ཤིང་། དེའི་རྗེས་སུ་གནམ་མཚོ་ནས་བླངས་པའི་ཆུ་ཕུད་དང་། པེ་ཅིང་དང་། ཧང་ཀྲོའུ། ཀོང་ཀྲོའུ། ཁྲེང་ཏུའུ་བཅས་ནས་བླངས་པའི་གཙང་ཆབ་དག་འཁྲབ་སྟོན་པ་ཚོའི་ལག་ཏུ་རིམ་གྱིས་བརྒྱུད་སྤྲོད་བྱས་མཐར།  གནས་དེར་ཡོད་པའི་འགོ་ཁྲིད་དང་སྐུ་མགྲོན་ཚོའི་ལག་ཏུ་སྤྲད་ནས། གནམ་མཚོའི་ཆུ་ཕུད་དེ་པེ་ཅིང་དང་། ཧང་ཀྲོའུ། ཀོང་ཀྲོའུ། ཁྲེང་ཏུའུ་སོགས་གྲོང་ཁྱེར་བཞི་ནས་བླངས་པའི་ཆུ་དང་མཉམ་དུ་བསྲེས།
ཆུ་ལེན་མཛད་སྒོ་འཚོག་ཡུལ།
            ལོ་ངོ་སྟོང་ཕྲག་དུ་མའི་རིང་ལ། བརྗིད་ཆགས་ཉམས་དགའ་བའི་གཉན་ཆེན་ཐང་ལ་དང་མཛེས་སྡུག་ལྡན་པའི་གནམ་མཚོ་ཕྱུག་མོ་གཉིས་གཅིག་ལ་གཅིག་རྟེན་དང་བློ་བརྟན་འགྱུར་མེད་ངང་མི་རྣམས་ལ་ཁོང་ཚོའི་མཛེས་སྡུག་ལྡན་པའི་ངག་རྒྱུན་བརྗོད་བཞིན་མཆིས། བྱེད་སྒོའི་མཇུག་ཏུ“བརྩེ་དུང་གི་བདུད་པ་གནམ་མཚོར་ཐེབས།  ལོ་ངོ་བརྒྱའི་རིང་ཕན་ཚུན་བརྩེ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་བོད་ལུགས་ཀྱི་གཉེན་སྟོན་བྱས་ཤིང་། རོལ་དབྱངས་དང་འགྲོགས་ནས་མག་པ་དང་མནའ་མ་གསར་པ99ཡིས་ལག་ཏུ་མེ་ཏོག་འཁྱེར་ཏེ་བཀྲ་ཤིས་སྒོ་བརྒྱུད་ནང་དུ་འཛུལ་བ་དང་། བོད་རིགས་གཞས་པ་དང་ཞབས་བྲོ་འཁྲབ་མཁན་ཚོའི་སྣེ་ཁྲིད་འོག་གཉེན་སྟོན་བྱ་ཡུལ་དུ་དལ་པོར་བསྐྱོད། གླུ་ཤགས་རྒྱག་པའི་རྣམ་པའི་ཐོག་ནས་གཉན་ཆེན་ཐང་ལ་དང་གནམ་མཚོའི་དབར་གྱི་འཆར་ཡན་གྱིས་ཕྱུག་པའི་བརྩེ་དུང་གི་གཏམ་རྒྱུད་བརྗོད་ནས། སྨོན་འདུན་དང་ལེན་དང་། དམ་བཅའ་སྒྲོག་སྦྱངས། དཔང་རྟེན་བརྗེ་རེས་བཅས་བྱས་པ་དང་།  བོད་ཆས་གྱོན་པའི་མག་པ་དང་མནའ་མ་གསར་པ་ཚོའི་གདོང་ལས་དགའ་སྤྲོ་དང་རེ་སྒུག་གིས་ཁེངས་ཡོད།
            “མག་པ་དང་མནའ་མ་གསར་པ99ཡི་གྲས་སུ་ཚུད་པར་ཧ་ཅང་དགའ་པོ་བྱུང་། དོན་དངོས་ཐོག་ང་དང་ངའི་བཟའ་ཟླ་གཉེན་སྒྲིག་བྱས་ནས་ལོ་བརྒྱད་ཕྱིན་མོད།    འོན་ཀྱང་དེ་སྔོན་མཛད་སྒོ་གཟབ་རྒྱས་དེ་འདྲ་ཞིག་གཉེར་ཁོམ་མ་བྱུང་།    དེ་རིང་འདི་གར་བློ་ཕམ་དེ་སེལ་ཐུབ་བྱུང་བས་ཧ་ཅང་དགའ་པོ་བྱུང་།    འཆར་ཡན་གྱིས་ཕྱུག་པའི་གནམ་མཚོའི་ངོགས་སུ་གངས་རི་དང་མཚོ་མོ་བདེན་དཔང་དུ་བྱས་པས་ང་དང་ངའི་བཟའ་ཟླའི་དབར་གྱི་བརྩེ་དུང་བརྟན་པོར་གནས་ངེས་རེད”ཅེས་བྱེད་སྒོ་མཇུག་འགྲིལ་རྗེས་བོད་ལྗོངས་སུ་སློབ་གསོའི་ཕྱག་ལས་གནང་མཁན་ཡུས་ཧྥེང་ཅུན་གྱིས་ཁོང་གི་བཟའ་ཟླ་ཁྲིད་དེ་གནམ་མཚོའི་ངོགས་སུ་ཁོང་ཚོའི“བོད་ལུགས་ཀྱི་གཉེན་སྒྲིག་འདྲ་པར”བརྒྱབ་པ་མ་ཟད། ཁོང་གཉིས་ཀྱི་གདོང་ལས་བདེ་སྐྱིད་ལྡན་པའི་འཛུམ་མདངས་འཕྱུར་བཞིན་མཆིས།
ཡུལ་སྐོར་བས་ནོར་དཀར་པོ་བཞོན་ནས་རི་ཆུ་དང་མཉམ་དུ་པར་རྒྱག་བཞིན་པ།
            ཉིན་དེར་གནམ་མཚོའི་ངོགས་སུ་ཡུལ་སྐོར་བས་ཁེངས་ཤིང་། ཁོང་ཚོས་སྦྲ་གུར་ཆེ་གྲས་ཁག་ཏུ་འཛུལ་ཏེ་ལྷ་ས་གྲོང་ཁྱེར་གྱི་རྫོང(ཆུས)8ཀྱི་ཁྱད་ལྡན་དམངས་སྲོལ་དང་ཁྱད་ལྡན་ཞིམ་ཟས་ཉམས་ལེན་བྱེད་པ་དང་། ནོར་དཀར་པོ་བཞོན་ནས་རི་ཆུ་དང་མཉམ་དུ་པར་རྒྱག་པ། མཚོ་སྐྱར་ལ་ཟས་སྟེར་བ་སོགས་བྱས་ནས། ཚད་ཡོད་ཀྱི་དུས་ཚོད་ནང་མི་རྣམས་ཀྱིས་གནམ་མཚོའི་མཛེས་ལྗོངས་ཡོངས་སུ་མྱོང་རོལ་ཐུབ་པར་བྱེད་ཀྱི་ཡོད། འཁོར་གཏོང་ཡུལ་སྐོར་བའི་སྣེ་ཁྲིད་པ་ཡོན་ཡུང་གིས་གསར་འགོད་པར“དེ་རིང་ནི་ང་ཚོས་འཁོར་གཏོང་ཡུལ་སྐོར་བྱས་པའི་ཉིན་བཅུ་པ་ཡིན་ཞིང་། ང་ཚོ་མི་བརྒྱད་ཀྱིས་ཀན་སུའུ་ཕིང་ལེང་ནས་འདི་བར་དུ་སྤྱི་ལེ་ཉིས་སྟོང་ལྷག་ཙམ་རླངས་འཁོར་བཏང་ཞིང་།  དར་མདོ་དང་། འབའ་ཐང་། ལི་ཐང་། ལྷ་ས་བཅས་བརྒྱུད་མཐར་མཛེས་སྡུག་ལྡན་པའི་གནམ་མཚོར་འབྱོར་བྱུང་། སྔ་ས་ནས་གནམ་མཚོར་འགྲོ་རྒྱུའི་འཆར་གཞི་ཡོད། འོན་ཀྱང་དར་ཁ་ཞིག་པའི་བྱེད་སྒོ་གཟབ་རྒྱས་དེ་འདྲ་དང་ཐུག་པ་ནི་སྟེས་དབང་གི་གོ་སྐབས་ཤིག་རང་རེད། གནམ་མཚོའི་ཡུལ་ལྗོངས་ལ་མི་རྣམས་ཧང་སངས་དགོས་པ་ཞིག་འདུག རྗེས་སུ་ངས་མི་དེ་བས་མང་བ་ཁྲིད་དེ་བོད་ལྗོངས་སུ་ཡོང་རྒྱུ་ཡིན་ལ་གནམ་མཚོར་ཡང་ཡོང་རྒྱུ་ཡིན”ཞེས་བཤད།

རྩེད་འཇོར་རོལ་བཞིན་པའི་གནམ་མཚོའི་ཆུ་སྐྱར་མགོ་སྨུག
            ད་ཐེངས་ཀྱི་གནམ་མཚོའི་དར་ཁ་ཞིག་པའི་ཉིན་མོའི་བྱེད་སྒོ་བརྒྱུད་ལྷ་ས་གྲོང་ཁྱེར་གྱི་རིག་གནས་ཀྱི་ནང་དོན་དང་ཡུལ་སྐོར་ཐོན་རྫས་ཀྱི་ནང་དོན་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་ནས། རིག་གནས་དང་ཡུལ་སྐོར་དེ་བས་རྒྱ་ཆེ་བའི་ཁྱབ་ཁོངས་དང་། དེ་བས་གཏིང་ཟབ་པའི་རིམ་པ། དེ་བས་མཐོ་བའི་ཆུ་ཚད་བཅས་ཀྱི་ཐོག་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་བ་དང་། ཁུལ་ཡོངས་ཡུལ་སྐོར་གྱི་རྣམ་པ་གཏིང་ཟབ་ཏུ་བཏང་སྟེ་རིག་གནས་ཡུལ་སྐོར་འདི་ཉིད་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟམ་མི་ཆད་པར་བརྟན་དུ་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་ཏུ་འགྱུར་བ་དང་། དེང་རབས་ཡུལ་སྐོར་གྱི་དགོས་མཁོ་དང་ཡུལ་སྐོར་ལས་བྱུང་བའི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་ཀྱི་འགྱུར་ལྡོག་དང་འཚམ་པར་ཧུར་ཐག་བྱས་ཏེ་རིག་གནས་ཡུལ་སྐོར་ཐོན་ལས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད། 
            ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་བྱེད་སྒོ(ཟླ5པའི་ཚེས17ནས་ཚེས26ཉིན་བར)སྤེལ་རིང་། བཟའ་ཟླ་ཁྲིད་དེ་གནམ་མཚོའི་བཀྲ་ཤིས་གླིང་ཕྲན་མཛེས་ལྗོངས་ཁུལ་དུ་སྤྲོ་གསེང་ལ་བསྐྱོད་ཚེ་སྤ་སེར་རིན་པ་སྤྲོད་མི་དགོས་པ་དང་། 2024ལོར་གཉེན་སྒྲིག་ཐོ་འགོད་བྱས་པའི་མག་པ་དང་མནའ་མ་གསར་པ་གནམ་མཚོའི་བཀྲ་ཤིས་གླིང་ཕྲན་མཛེས་ལྗོངས་ཁུལ་དུ་ལྟ་སྐོར་སྤྲོ་གསེང་ལ་བསྐྱོད་ཚེ2024ལོར་སྤ་སེར་རིན་པ་སྤྲོད་མི་དགོས།(གོང་གསལ་གྱི་གཟིགས་སྐྱོང་ལོངས་སྤྱོད་བྱེད་དགོས་ཚེ་གཉེན་སྒྲིག་ལག་ཁྱེར་བསྟན་དགོས)དེ་དང་ཆབས་ཅིག་ཟླ5པའི་ཚེས1ཉིན་ནས་བཟུང་། གནམ་མཚོའི་མཛེས་ལྗོངས་ཁུལ་གྱིས་ཉི་ཤར་དང་ཉི་ནུབ་ལ་ལྟ་བའི་བྱེད་སྒོ་དམིགས་བསལ་བཏོན་པ་དང་འབྲེལ། སྔོན་མངགས་ཀྱང་བྱེད་ཆོག་པས། གལ་ཏེ་ཉི་ཤར་དང་ཉི་ནུབ(ཉི་ཤར། ཞོགས་པའི་ཆུ་ཚོད5:30ནས7:00བར། དགོང་མོའི་ཆུ་ཚོད20:00ནས21:30བར)ལ་ལྟ་འདོད་ཚེ་ཡུལ་སྐོར་བས་ཉིན་གཅིག་གི་གོང་ལ་སྔོན་མངགས་བྱེད་དགོས། ད་ཐེངས་ཀྱི་བྱེད་སྒོ་སྤེལ་རིང་། གནམ་མཚོའི་མཛེས་ལྗོངས་ཁུལ་གྱིས་ད་དུང་མག་པ་དང་མནའ་མ་གསར་པར་ཡུལ་སྐོར་པར་ལེན་དང་། རྟ་བཞོན་རི་སྐོར། མཚན་མོའི་མེ་ཕུང་དང་སྐར་ཚོགས་ལ་ལྟ་བ་སོགས་ཀྱི་བྱེད་སྒོ་ཡང་སྤེལ་རྒྱུ་ཡིན་ཞིང་། ཡུལ་སྐོར་ཞབས་ཞུ་སྣ་ཚོགས་མྱོང་རོལ་བྱས་པ་བརྒྱུད། ཡུལ་སྐོར་བའི་ཕྱིར་སྐྱོད་ཉམས་ལེན་མང་དུ་གཏོང་རྒྱུ་ཡིན་པས། རྒྱ་ཆེའི་ཡུལ་སྐོར་བ་ཚོས་སྐབས་དེ་དང་བསྟུན་ནས་བོད་ལྗོངས་སུ་ཡོང་བ་དང་གནམ་མཚོའི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་སྤྲོ་གསེང་ལ་ཕེབས་པར་དགའ་བསུ་ཞུ་རྒྱུ་ཡིན།
རྩོམ་སྒྲིག་པ། རིག་གྲོལ།