ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ལྐོག་རྔན་སྒོར་དུང་ཕྱུར་11དང་ས་ཡ་8བླངས་པས་སྲོག་ཁྲིམས་བཅད་འདུག

སྤེལ་དུས 2024-06-03 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
            2024ལོའི་ཟླ་5ཚེས་28ཉིན། ཐེན་ཅིན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གཉིས་པས་ཀྲུང་གོ་ཧྭ་རུང་རྒྱལ་སྤྱིའི་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་སིའི་དེ་སྔའི་སྤྱི་ཁྱབ་སྤྱི་གཉེར་པེ་ཐེན་ཧུའེ་ཡིས་ལྐོག་རྔན་བླངས་པའི་གྱོད་དོན་ཐད་འདྲི་གཅོད་དང་པོའི་ཡོངས་བསྒྲགས་ཁྲིམས་ར་འཚོགས་ཤིང་། ཞུ་སྦྱོར་ཕྱི་མ་པེ་ཐེན་ཧུའེ་ཡིས་ལྐོག་རྔན་བླངས་པའི་ཉེས་པ་བསགས་པས། སྲོག་ཁྲིམས་གཅོད་རྒྱུ་དང་ཚེ་གང་གི་ཆབ་སྲིད་དབང་ཆ་འཕྲོག་རྒྱུ་མ་ཟད། མི་སྒེར་གྱི་རྒྱུ་ནོར་ཚང་མ་གཞུང་བཞེས་གཏོང་རྒྱུ། པེ་ཐེན་ཧུའེ་ཡིས་ལྐོག་རྔན་བླངས་པ་ལས་ཐོབ་པའི་རྒྱུ་ནོར་དང་དེ་དག་གི་སྐྱེད་འཕེལ་གྱི་ཆ་ཤས་དག་བདའ་འདེད་རྩིས་ལེན་བྱས་ནས་རྒྱལ་མཛོད་ནང་འཇུག་རྒྱུ། མ་འདང་བའི་ཆ་དག་མུ་མཐུད་བདའ་འདེད་གཏོང་རྒྱུ་བཅས་ཀྱི་ཁྲིམས་ཐག་བཅད་ཡོད་པ་རེད།

            འདྲི་ཞིབ་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བར། 2014ལོ་ནས་2018ལོ་བར། ཞུ་སྦྱོར་ཕྱི་མ་པེ་ཐེན་ཧུའེ་ཡིས་ཧྭ་རུང(ཤང་ཀང)རྒྱལ་སྤྱིའི་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་སིའི་ལས་སྒོ་རྒྱ་སྐྱེད་པུའུ་གསུམ་པའི་འགན་འཁུར་བ་དང་། སྤྱི་ཁྱབ་སྤྱི་གཉེར། མ་འཇོག་དངུལ་ཁང་པུའུ་ཡི་ལས་འཛིན་སྤྱི་ཁྱབ་སྤྱི་གཉེར། ཀྲུང་གོ་ཧྭ་རུང་རྒྱལ་སྤྱིའི་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་སིའི་མ་རྩ་གཉེར་སྐྱོང་གི་སྤྱི་ཁྱབ་ལྟ་ཞིབ་པ། སྤྱི་ཁྱབ་སྤྱི་གཉེར་གྱི་ལས་རོགས། ལས་འཛིན། སྤྱི་ཁྱབ་སྤྱི་གཉེར་གཞོན་པ། སྤྱི་ཁྱབ་སྤྱི་གཉེར་སོགས་ཀྱི་འགན་འཁུར་རིང་། འགན་གནས་ཀྱི་སྟབས་བདེ་སྤྱད་དེ་འབྲེལ་ཡོད་ཚན་པར་རྣམ་གྲངས་ཉོ་སྒྲུབ་དང་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་སོགས་ཀྱི་ཐད་རོགས་རམ་བྱས་པ་དང་། ཁྲིམས་འགལ་ངང་རྒྱུ་དངོས་བླངས་པ་མི་དམངས་ཤོག་སྒོར་ལ་ཕབ་ན་ཁྱོན་སྒོར་དུང་ཕྱུར་11དང་ས་ཡ་8ལྷག་ཙམ་ཟིན་ཡོད།
            ཐེན་ཅིན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གཉིས་པས། ཞུ་སྦྱོར་ཕྱི་མ་པེ་ཐེན་ཧུའེ་ཡི་བྱ་སྤྱོད་དེ་ལྐོག་རྔན་བླངས་པའི་བྱས་ཉེས་སུ་གྲུབ་ཡོད། པེ་ཐེན་ཧུའེ་ཡིས་ལྐོག་རྔན་བླངས་པའི་ཉེས་བསགས་དངུལ་འབོར་ཧ་ཅང་མང་བ་དང་། བྱས་ཉེས་ཧ་ཅང་ཚབས་ཆེ་བ། སྤྱི་ཚོགས་ལ་ཤུགས་རྐྱེན་ཧ་ཅང་ངན་པ་བཟོས་ཡོད་ལ། རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་ལ་གྱོང་གུན་ཧ་ཅང་ཚབས་ཆེན་བཟོས་ཡོད་པས། ཁོ་པའི་བྱས་ཉེས་ཧ་ཅང་ཚབས་ཆེན་ཡིན་སྟབས་ཁྲིམས་ལྟར་སྲོག་ཁྲིམས་གཅོད་དགོས། མ་གཞི་པེ་ཐེན་ཧུའེ་ཡིས་མི་གཞན་གྱི་ཉེས་བསགས་བྱ་སྤྱོད་ཚབས་ཆེན་ཐེར་འདོན་བྱས་པ་མ་ཟད། གྱོད་གཞི་གཞན་དག་རྩད་གཅོད་བྱེད་པར་ཁུངས་སྣེ་གལ་ཆེན་མཁོ་འདོན་བྱས་ཡོད་ཅིང་། ཞིབ་བཤེར་བདེན་དཔང་བྱས་པ་བརྒྱུད་ཚང་མ་དོན་དངོས་ཡིན་པས། བྱས་རྗེས་ཆེན་པོ་བཞག་ཡོད་མོད། འོན་ཀྱང་ལྐོག་རྔན་བླངས་པའི་ཉེས་བསགས་དོན་དངོས་དང་། ངོ་བོ། ཚབས་ཆེ་ཚད། སྤྱི་ཚོགས་ལ་གནོད་འཚེ་གཏོང་ཚད་བཅས་ཕྱོགས་བསྡུས་བྱས་རྗེས། ཁོ་པའི་ཉེས་ཆད་ཡང་དུ་གཏོང་ཆོག་པའི་ཚད་ལ་སླེབས་མེད་པའི་ངོས་འཛིན་བྱས་ཡོད། དེས་ན། ཁྲིམས་ཁང་གིས་གོང་གསལ་གྱི་ཁྲིམས་ཐག་བཅད་པ་རེད།

རྩོམ་སྒྲིག་པ། རིག་གྲོལ།