“རང་དབང་ལ་བཅངས་པའི་རེ་འདོད་དེ་གང་ཞིག་གིས་ཀྱང་འགོག་ཐབས་བྲལ”རླངས་འཁོར་གཅིག་ནང་གྲོགས་པོ་གཉིས་གསུམ་དང་མཉམ་དུ《པད་མའི་མེ་ཏོག་སྔོན་པོ》ཞེས་པའི་གླུ་དབྱངས་ཉན་བཞིན་སྒེར་འཁོར་བཏང་ནས་བོད་ལྗོངས་སུ་ཡུལ་སྐོར་ལ་འགྲོ་རྒྱུ་ནི་མི་མང་པོ་ཞིག་གི་ཕུགས་འདུན་ཡིན། ཚོགས་པ་དང་མཉམ་དུ་ཡུལ་སྐོར་བྱེད་པ་དང་བསྡུར་ན་སྒེར་འཁོར་བཏང་སྟེ་ཡུལ་སྐོར་དུ་བསྐྱོད་ཚེ་དེ་བས་རང་དབང་ལྡན་ལ་འཚེར་སྣང་ཡང་བྱེད་དགོས་མེད། དེང་དུས་མི་མང་པོ་ཞིག་གིས་སྒེར་འཁོར་བཏང་ནས་ཡུལ་སྐོར་ལ་འགྲོ་རྒྱུའི་གདམ་ག་བྱས་ཏེ་མེས་རྒྱལ་གྱི་རི་ཆུ་ཀླུང་གསུམ་གྱི་མཛེས་པ་མྱོང་རོལ་བྱེད་པར་འགྲོ་བཞིན་ཡོད། འོན་ཀྱང་སྒེར་འཁོར་བཏང་ནས་བོད་ལྗོངས་སུ་བསྐྱོད་པར་ཡང་འགྲན་སློང་ངེས་ཅན་ཞིག་འཕྲད་སྲིད་པས་རྡོག་ཐོན་མ་བྱས་གོང་ནས་ངེས་པར་དུ་གྲ་སྒྲིག་ལེགས་པོ་བྱེད་དགོས།
སྒེར་འཁོར་བཏང་ཚེ་བྱེ་བགྲོད་རླངས་འཁོར་གྱི་མྱོང་ཚོར་ཡག་ཤོས་ཡིན།
རྒྱལ་ཡོངས་ས་གནས་ཁག་གི་ཡུལ་སྐོར་བ་ཚོ་སྒེར་འཁོར་བཏང་ནས་བོད་ལྗོངས་སུ་བསྐྱོད་རིང་དེ་བས་བདེ་འཇགས་དང་བདེ་བླག་ཡོང་བར་རོགས་རམ་བྱ་ཆེད། ད་ལོའི་ཟླ5པར། བོད་ལྗོངས་འགྲིམ་འགྲུལ་ཉེན་རྟོག་པས་དྲ་རྒྱའི་ལས་སྟེགས་ཁག་ཐོག་བརྙན་ལམ་ཡོངས་བསྒྲགས་བྱས་ནས་སྒེར་འཁོར་བཏང་སྟེ་བོད་ལྗོངས་སུ་བསྐྱོད་རིང་དོ་སྣང་བྱེད་དགོས་པའི་དོན་ཚན་ཁག་ངོ་སྤྲོད་བྱས་ཤིང་། བརྙན་ལམ་ནང་བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་སྤྱི་བདེ་འགྲིམ་འགྲུལ་དོ་དམ་ཅུས་ཀྱི་རིམ་པ་བཞི་པའི་ཉེན་རྟོག་དཔོན་བཀྲ་ཤིས་ནོར་བུས། རླངས་འཁོར་གྱི་འབུད་ཚད་ཧྲེང1.5དང་། ཧྲེང1.6 ཧྲེང2.0བཅས་དང་རང་བྱུང་དབུགས་རྔུབ་བམ་ཡང་ན་སྒྲོ་གཤོག་གནོན་ཤུགས་སྤྲོད་ཆས་གང་ཡིན་རུང་རྒྱལ་ལམ318བརྒྱུད་བོད་ལྗོངས་སུ་བསྐྱོད་ཚེ་སྤྱིའི་ཆ་ནས་གནད་དོན་མེད་པས་འབུད་ཚད་ལ་སེམས་ཁྲལ་ཆེན་པོ་དེ་ཙམ་བྱེད་མི་དགོས། འོན་ཀྱང་འབུད་ཚད་ཆུང་བའི་རང་རྔུབ་སྒུལ་བྱེད་འཕྲུལ་འཁོར་གྱི་རླངས་འཁོར་རིགས་ས་མཐོར་སླེབས་རྗེས་སྒུལ་ཤུགས་མི་འདང་བའི་གནས་ཚུལ་ཐོན་སྲིད་ལ། རི་ལྡེབས་དང་འཁོར་བརྒལ་བྱེད་སྐབས་དཀའ་ངལ་ཅུང་ཟད་འཕྲད་སྲིད་པས་ངང་རྒྱུད་རིང་པོས་བདེ་འཇགས་ཨང་དང་པོར་འཇོག་རྒྱུར་དོ་སྣང་བྱེད་དགོས། “སྒེར་འཁོར་བཏང་ནས་བོད་ལྗོངས་སུ་བསྐྱོད་ཚེ་རླངས་འཁོར་གྱི་ཞབས་སྡེར་གང་ཚོད་ཀྱིས་མཐོ་བ་ཡོད་ན་དེ་ཙམ་གྱིས་ཡག་ལ། བྱེས་བགྲོད་རླངས་འཁོར་གྱི་མྱོང་ཚོར་ཡག་ཤོས་ཡིན་ཞིང་། གལ་ཏེ་འཇིབ་ཆུང་བཏང་ནས་བསྐྱོད་ཚེ་ས་དོང་དང་ལམ་ངོས་འབར་འབུར་འཕྲད་སྐབས་ངེས་པར་དུ་གཟབ་ནན་བྱེད་དགོས”ཞེས་བཤད།
ཅང་ཞི་ནས་ཡིན་པའི་ཀྲང་ཤིན་ད་བར་ལྷ་སར་ལས་ཀ་བྱས་ནས་ལོ10ལྷག་ཙམ་སོང་ཡོད་ཅིང་། ཐོག་མའི་ལོ་འགའི་ནང་ཁོང་གིས་བོད་ལྗོངས་སུ་འགྲོ་སྐབས་གནམ་གྲུ་དང་མེ་འཁོར་སོགས་ལ་འདུག་པ་ཡིན། 2019ལོར་ཁོང་དང་གྲོགས་པོ་ཞིག་གིས་སྒེར་འཁོར་བཏང་ནས་རྒྱལ་ལམ318བརྒྱུད་བོད་ལྗོངས་སུ་ཕྱིན་པས་མྱོང་ཚོར་མི་འདྲ་བ་ཞིག་བྱུང་ཡོད། “སྒེར་འཁོར་བཏང་ནས་བོད་ལྗོངས་སུ་འགྲོ་མཁན་ཧ་ཅང་མང་པོ་ཡོད་ཅིང་། ཁོང་ཚོས་ལམ་བར་གྱི་ཡུལ་ལྗོངས་དག་པར་བརྒྱབ་ནས་དྲ་ཐོག་ཏུ་བཏང་བ་དེས་ངའི་ཡིད་དབང་རྦད་དེ་འཕྲོག་སོང་། ངའི་བསམ་པར་རང་ཉིད་ནི་ལྷ་ས་བ་རྙིང་པ་ཞིག་ཡིན་ལ། སྒེར་འཁོར་ཡང་བྱེ་བགྲོད་རླངས་འཁོར་ཡིན་པས་སྒེར་འཁོར་བཏང་ནས་བོད་ལྗོངས་སུ་བསྐྱོད་རྒྱུའི་སེམས་ཐག་བཅད་པ་ཡིན”ཞེས་ཀྲང་ཤིང་གིས་བཤད།
ཨ་སྔོན་དབྱིངས་ཀྱི་སྐར་ཚོགས་དང་། རྩྭ་ཐང་སྟེང་གི་ནོར་ལུག་ཁྱུ་ཚོགས། རི་མཐོའི་སྟེང་གི་ནགས་ཚལ་སྟུག་པོ་སོགས། ཀྲང་ཤིན་གྱིས་དབྱར་དུས་སྒེར་འཁོར་བཏང་ནས་བོད་ལྗོངས་སུ་བསྐྱོད་པའི་ཡུལ་ལྗོངས་སྐོར་གླེང་སྐབས་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད་མོད། འོན་ཀྱང་ཁྲོན་བོད་གཞུང་ལམ་ཐོག་གི་འདམ་རྡོའི་ཆུ་རུད་དྲན་སྐབས་ཁོང་གི་སེམས་ནང་སྔར་བཞིན་འཇིགས་སྣང་ཆེན་པོ་བྱེད་ཅིང་། ཁོང་གིས“སྐབས་དེར་ངས་འགྲོ་སའི་ལམ་ཐིག་ནི་ཁྲོན་བོད་གཞུང་ལམ་ཡིན། སྟབས་ལེགས་པ་ཞིག་ལ་ངས་སྔ་ས་ནས་ལམ་ཐིག་དེར་དབྱར་དུས་སྐབས་འདམ་རྡོའི་ཆུ་རུད་སོགས་རང་བྱུང་གི་གནོད་འཚེ་འབྱུང་སྲིད་པ་ཤེས་བྱུང་བས། སྐབས་དེར་འདམ་རྡོའི་ཆུ་རུད་འཕྲད་སྐབས་དངངས་སྐྲག་ཆེན་པོ་དེ་ཙམ་སྐྱེས་མ་བྱུང་། རྗེས་སུ་སྒེར་འཁོར་བཏང་ནས་བོད་ལྗོངས་སུ་བསྐྱོད་རྩིས་ཡོད་ཚེ་ངེས་པར་དུ་སྔ་ཙམ་གནམ་གཤིས་ཀྱི་གནས་ཚུལ་ལ་དོ་སྣང་བྱེད་པ་དང་ལ་དུག་སྔོན་འགོག་བྱེད་དགོས་པ་དང་། རླངས་འཁོར་ནང་བཟའ་བཅའ་ཅུང་ཟད་གྲ་སྒྲིག་དང་འདྲེད་འགོག་ཕྲེང་ཐག་ཡག་པོ་འཁྱེར་དགོས་ལ། འདམ་རྡོའི་ཆུ་རུད་དང་རྡོ་ཟགས་ཡོད་མེད་ལའང་དོ་སྣང་བྱེད་དགོས། གཞན་ཡང་རླངས་འཁོར་ནང་དབྱང་རླུང་འདོན་སྤྲོད་འཕྲུལ་ཆས་ཤིག་གྲ་སྒྲིག་བྱེད་དགོས་པ་མ་ཟད།ད་དུང་བརྗེ་ཚབ་འཁོར་ལོ་དང་རླངས་འཁོར་ཞིག་གསོའི་ཡོ་བྱད་ཀྱང་ཡག་པོ་ཁྱེར་ན་བཟང”ཞེས་བཤད།
སྒེར་འཁོར་བཏང་ནས་ཡུལ་སྐོར་དུ་བསྐྱོད་སྐབས་ཞིབ་ཕྲའི་གནས་ཚུལ་འདི་དག་ལ་རྒྱུས་ལོན་བྱེད་དགོས།
གསར་འགོད་པར་ཐུང་ཁྲེང་ཡུལ་སྐོར་ཐོག་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་སུ་ཡུལ་སྐོར་ལ་སྐྱོད་སྟངས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། ཐུང་ཁྲེང་ཞིབ་འཇུག་ཁང་གིས་དབྱེ་ཞིབ་བྱས་པར་གཞིགས་ན། སྒེར་འཁོར་བཏང་ནས་ཡུལ་སྐོར་བྱས་ཚེ་རང་དབང་དང་སྟབས་བསྟུན་རང་བཞིན་དེ་བས་ཆེ་བ་ལྡན་པས། ཡུལ་སྐོར་བས་རང་ཉིད་ཀྱི་དགའ་ཕྱོགས་དང་དུས་ཚོད་ལ་གཞིགས་ནས་འགྲུལ་བཞུད་བཀོད་སྒྲིག་བྱེད་ཐུབ་ཀྱི་ཡོད། ད་ཆ་བོད་ལྗོངས་སུ་བསྐྱོད་པའི་གཞུང་ལམ་གཙོ་བོ་སོགས་རྨང་གཞིའི་སྒྲིག་བཀོད་ལེགས་སུ་མངོན་གསལ་ཕྱིན་པ་དང་ཆབས་ཅིག སྒེར་འཁོར་བཏང་ནས་བོད་ལྗོངས་སུ་བསྐྱོད་སའི་ལམ་ཐིག་གཙོ་བོའི་ཐོག་སྒེར་འཁོར་བཏང་ནས་ཡུལ་སྐོར་དུ་བསྐྱོད་མཁན་ཚོགས་སྤྱིར་ཕྱོགས་པའི་ཚད་གཞི་མཐོ་བའི་སྒེར་འཁོར་སྒར་སའང་ཇེ་མང་དུ་འགྲོ་བཞིན་ཡོད་པས། སྒེར་འཁོར་བཏང་ནས་བོད་ལྗོངས་སུ་བསྐྱོད་མཁན་ཚོར་དེ་བས་བདེ་འཇགས་དང་སྐྱིད་སྣང་ཞིག་སྦྱིན་གྱི་ཡོད་ལ། སྒེར་འཁོར་བཏང་ནས་བོད་ལྗོངས་སུ་བསྐྱོད་མཁན་ཡང་དེ་བས་མང་དུ་འགྲོ་བཞིན་ཡོད།
རླངས་འཁོར་བཏང་ནས་ལོ22སོང་པའི་རྒན་ཁྲེན་ལགས་ནི་སི་ཁྲོན་ནས་ཞིག་ཡིན་ལ། ལྷ་སར་ལས་ཀ་བྱེད་ཀྱི་ཡོད་པས། ད་བར་སྒེར་འཁོར་བཏང་ནས་བོད་ལྗོངས་སུ་ཐེངས་བཅུ་ལྷག་ཙམ་བསྐྱོད་མྱོང་ཡོད། ཁོང་གིས“ད་ཆ་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་ཕྱིན་ནས། ཁྲོན་བོད་ལམ་ཐིག་དང་མཚོ་བོད་ལམ་ཐིག་ཚང་མ་འགྲོ་བདེ་པོ་ཡོད་པས་སྒེར་འཁོར་བཏང་ནས་ཡུལ་སྐོར་དུ་ཡོང་ཚེ་སེམས་ཁྲལ་དེ་ཙམ་བྱེད་དགོས་མེད། འོན་ཀྱང་སྒེར་འཁོར་གཏོང་རིང་ངེས་པར་དུ་འགྲིམ་འགྲུལ་སྒྲིག་སྲོལ་ལ་བརྩི་སྲུང་ཞུ་དགོས་པ་དང་། ཐོལ་བྱུང་གནས་ཚུལ་འཕྲད་ཚེ་སེམས་རྣལ་ལ་བབ་ནས་སྐབས་བསྟུན་ཐག་གཅོད་བྱེད་དགོས་པ། རླངས་འཁོར་ཁ་གཅུས་སྐབས་མགྱོགས་དྲགས་རྒྱུ་མེད་ལ། ལམ་གྱི་གནས་ཚུལ་གསལ་པོ་མཐོང་མི་ཐུབ་པའི་སྐབས་གང་བྱུང་དུ་འཁོར་བརྒལ་དེ་བས་ཀྱང་བྱ་རྒྱུ་མེད། ཉི་འོད་མེད་པའི་དཀྱོག་མཚམས་སུ་འཁྱགས་པ་ཐེབས་སླ་བས་ངེས་པར་དུ་གཟབ་གཟབ་བྱེད་དགོས”ཞེས་བཤད།
བོད་ལྗོངས་འགྲིམ་འགྲུལ་ཉེན་རྟོག་པས་དྲན་སྐུལ་ཞུ་རྒྱུར། བོད་ལྗོངས་བར་ལམ་ཐག་ཧ་ཅང་རིང་བས་གལ་ཏེ་ལམ་ཕྱེད་དུ་རླངས་འཁོར་ལ་སྐྱོན་ཤོར་ཚེ་རྙོག་དྲ་ཆེན་པོ་བཟོ་སྲིད་པས། སྒེར་འཁོར་བཏང་ནས་བོད་ལྗོངས་སུ་མ་བསྐྱོད་གོང་ངེས་པར་དུ་རླངས་འཁོར་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱེད་དགོས། གལ་ཏེ་ལམ་ཕྱེད་དུ་རླངས་འཁོར་ལ་སྐྱོན་ཤོར་ཚེ122ལ་ཁ་པར་བརྒྱབ་ནས་རོགས་སྐྱོར་ཐོབ་ཐབས་བྱེད་ཆོག དེ་དང་ཆབས་ཅིག་ཡུན་རིང་རླངས་འཁོར་གཏོང་རྒྱུའི་གྲ་སྒྲིག་ཡག་པོ་བྱེད་དགོས་པ་དང་། ངལ་དུབ་སྐྱེས་སྐབས་རླངས་འཁོར་གཏོང་མི་རུང་བས་གལ་ཏེ་རླངས་འཁོར་གཏོང་སྐབས་གཉིད་ཅོག་རྒྱག་ཚེ་དུས་ཐོག་ཏུ་ངལ་གསོ་རྒྱག་དགོས། བོད་ལྗོངས་སུ་ས་བབ་མཐོ་བ་དང་། ཉི་མ་འཕྲོ་ཤུགས་ཆེ་ལ། སྨུག་ཕྱིའི་འོད་ཀྱང་ཆེ་བས་སྔ་ས་ནས་མིག་ཤེལ་གྲ་སྒྲིག་བྱས་ཏེ་མིག་ལ་སྲུང་སྐྱོང་བྱེད་དགོས། ལམ་རྒྱུད་དུ་རི་ལམ་མང་བས་དཀྱོག་ལམ་དུ་འཁོར་བརྒལ་བྱེད་མི་རུང་ལ། རི་སྟེང་ནས་རྡོ་ཟགས་ཀྱི་ཡོད་མེད་དང་། འདམ་རྡོའི་ཆུ་རུད་དང་རི་ཉིལ་བའི་གནས་ཚུལ་ཐོན་སྲིད་མིན་ལ་དོ་སྣང་བྱེད་དགོས།
གཤམ་གསལ་གྱི་བོད་སྐྱོད་ལམ་ཐིག5པོ་འདི་དག་ལས་ཁྱེད་རང་འགྲོ་འདོད་པའི་ལམ་ཐིག་གང་ཡིན་ནམ།
རྒྱལ་ལམ318(ཁྲོན་བོད་ལྷོ་ལམ)བོད་སྐྱོད་ལམ་ཐིག་གཙོ་བོ།
སྒེར་འཁོར་ལམ་ཐིག ཁྲེང་ཏུའུ-གཡག་རྔ-ཤིན་ཀོའུ-དར་མདོ-ཤིན་ཏུའུ་ཟམ་པ-ཉག་ཆུ-119ཏོ་པན-ལི་ཐང-འབའ་ཐང-སྨར་ཁམས-འདན་པ-མཛོ་སྒང-སྤང་མདའ-དཔའ་ཤོད-ར་འོག-སྤོ་བོ-ཀླུ་ནང-བྲག་ཡིབ-ཀོང་པོ་རྒྱ་མདའ-གསུམ་མདོ-མལ་གྲོ་གོང་དཀར-ལྷ་ས།
མཚོ་བོད་ལམ་ཐིག བདེ་འཇགས་ཆེ་ཤོས་ཀྱི་བོད་སྐྱོད་ལམ་ཐིག
སྒེར་འཁོར་ལམ་ཐིག ཟི་ལིང-རིག་སྨོན་གྲོང་རྡལ-རྟ་ནག་མ་ཞང-ཚྭ་ཁ-དུར་ལམ-པ་ལུང-ནོ་མུའུ་ཧུང་བཟོ་ལས་ཁུལ-ན་གོར་མོ-བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས-དམར་ཆུ-གདང་ལའི་དམག་དོན་ས་ཚིགས-ནག་ཆུ-འདམ་གཞུང-ཡངས་པ་ཅན-ལྷ་ས།
ཡུན་བོད་ལམ་ཐིག ཆེས་མཛེས་ཤོས་ཀྱི་བོད་སྐྱོད་ལམ་ཐིག
སྒེར་འཁོར་ལམ་ཐིག ཁུན་མིང-ས་དམ-ལི་ཅང-སྟག་མཆོང་འགག-སེམས་ཀྱི་ཉི་ཟླ-ཇོ་བོ་ནམ་མཁའ་བཀྲ་ཤིས་ལྷ་ཁང-ཡར་ཀ-སྨར་ཁམས-འདན་པ-མཛོ་སྒང-སྤང་མདའ-དཔའ་ཤོད-ར་འོག-སྤོ་མེས-ཀླུ་ནང-བྲག་ཡིབ-ཀོང་པོ་རྒྱ་མདའ-གསུམ་མདོ-མལ་གྲོ་གུང་དཀར-ལྷ་ས།
རྒྱལ་ལམ317(ཁྲོན་བོད་བྱང་ལམ)མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་མྱོང་རོལ་བྱེད་སའི་མི་ཆོས་རིག་གནས་ཀྱི་ཡུལ་སྐོར།
སྒེར་འཁོར་ལམ་ཐིག ཁྲེང་ཏུའུ-དབྱིན་ཤིའུ-ལི་རྫོང-འབར་ཁམས-སྤྱན་རས་གཟིགས་ཀྱི་ཟམ་པ-བྲག་མགོ-དཀར་མཛེས-མ་ཎི་གད་མགོ-འཇོ་མདའ-ཆབ་མདོ-སྟེང་ཆེན-ཁྲི་སྟོད-རོང་པོ-སྦྲ་ཆེན-ཤར་ཆུ-གསེར་རྙེད-འདམ་གཞུང-ཡངས་པ་ཅན-ལྷ་ས།
ཤིན་བོད་ལམ་ཐིག འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་གཞུང་ལམ།
སྒེར་འཁོར་ལམ་ཐིག ཡེ་ཁྲེང-ཁུའུ་ཏི-ཧེ་ཁ་ཏ་པན-ལེ་དབར་སུམ་ཅུའི་དམག་སྒར-ཧུང་ལིའུ་ཐང-ཐན་ཧྲུའེ་མཚོ་དམག་ས་ཚིགས-ཆུ་མིག་མཚེའུ-གསུམ་བཞི་གྲོང་ཚོ-རྡོ་དམར་ཞང-རུ་ཐོག་རྫོང-སེང་གེ་ཁ་འབབ-གནམ་རུ་གྲོང་ཚོ-གངས་རིན་པོ་ཆེ-ཧོར་ཞང-འབྲོང་པ-ས་དགའ-ལྷ་རྩེ-གཞིས་ཀ་རྩེ-རྒྱལ་རྩེ-སྣ་དཀར་རྩེ-ཆུ་ཤུར-ལྷ་ས།
རྩོམ་སྒྲིག་པ། དཔལ་གཡང་།