ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་གནམ་དཔྱད་རིག་གཞུང་ལྷན་ཚོགས་ཀྱི་སྒོ་བྱང་དངོས་སུ་བཀལ་བ།

སྤེལ་དུས 2024-06-19 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
             ས་མཐོའི་རྩིག་རྨང་གནམ་དཔྱད་རིག་པའི་མདུན་ཕྱོགས་ཀྱི་གནད་དོན་དང་དེ་བཞིན་འཕེལ་རྒྱས་འགྲོ་ཕྱོགས་ལ་ཐུན་མོང་ཐོག་གྲོས་བསྡུར་བྱས་ནས། བོད་ལྗོངས་ཀྱི་གནམ་དཔྱད་རིག་པའི་ཞིབ་འཇུག་དང་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་ཆེད། ཉེ་ཆར། བོད་རང་སྐྱོང་ལྗོངས་གནམ་དཔྱད་རིག་གཞུང་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི“ས་མཐོའི་རྩིག་རྨང་གནམ་དཔྱད་རིག་པའི་འཕེལ་རྒྱས་ཀྱི་གྲལ་སྒོར་གྲོས་ཚོགས”བོད་ལྗོངས་སློབ་ཆེན་དུ་བདེ་བླག་ངང་འཚོགས།
             ད་ཐེངས་ཀྱི་ཚོགས་འདུའི་ཐོག་རྒྱལ་ཁབ་གནམ་དཔྱད་ཁང་དང་། ཙི་ཅིན་ཧྲན་གནམ་དཔྱད་ཁང་། ཀྲུང་གོ་ཚན་རིག་ལག་རྩལ་སློབ་ཆེན། ཞ་མོན་སློབ་ཆེན། ཝུའུ་ཧན་སློབ་ཆེན་སོགས་ལྗོངས་ཕྱིའི་མཐོ་སློབ་དང་ཚན་རིག་ཞིབ་འཇུག་གླིང18ཀྱི་ཆེད་མཁས་པ20ལྷག་ཙམ་གདན་དྲངས་པ་དང་། བོད་ལྗོངས་ནང་ཁུལ་གྱི་བོད་ལྗོངས་སློབ་ཆེན་དང་། བོད་རང་སྐྱོང་ལྗོངས་རང་བྱུང་ཚན་རིག་རྟེན་མཛོད་ཁང་། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་སོགས་ལས་ཁུངས་ཀྱི་ཆེད་མཁས་པ་དང་དགེ་སློབ། གནམ་དཔྱད་རིག་གཞུང་ལྷན་ཚོགས་ཀྱི་ཚོགས་མི50ལྷག་ཙམ་ཚོགས་འདུར་ཞུགས་ཡོད།
             ཚོགས་འདུའི་ཐོག བོད་ལྗོངས་སློབ་ཆེན་ཏང་ཨུད་ཀྱི་རྒྱུན་ཨུད་སློབ་སྤྱི་གཞོན་པ་ཧྥང་ཅང་ཕིང་དང་ཀྲུང་གོ་གནམ་དཔྱད་རིག་གཞུང་ལྷན་ཚོགས་ཀྱི་ལས་འཛིན་གཞོན་པ་ཝུའུ་ཞུའེ་པིན་གྱིས། བོད་རང་སྐྱོང་ལྗོངས་གནམ་དཔྱད་རིག་གཞུང་ལྷན་ཚོགས་ཀྱི་སྒོ་ཡོལ་ཕྱེ་ནས་བོད་ལྗོངས་གནམ་དཔྱད་རིག་གཞུང་ལྷན་ཚོགས་ཀྱི་སྒོ་བྱང་དངོས་སུ་བཀལ་བ་མཚོན་ལ་བོད་ལྗོངས་གནམ་དཔྱད་རིག་པའི་ཞིབ་འཇུག་དང་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པ་མཚོན་ཡོད།
             བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི་ཐིང་ཀྲང་གཞོན་པ་ཚའོ་ཀྲུང་ཧྭ་ཡིས“བོད་རང་སྐྱོང་ལྗོངས་གནམ་དཔྱད་རིག་གཞུང་ལྷན་ཚོགས་བཙུགས་པ་ལས་བོད་ལྗོངས་ཀྱི་གནམ་དཔྱད་རིག་པ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་ལ། བོད་ལྗོངས་ཀྱི་གནམ་དཔྱད་རིག་གཞུང་ལྷན་ཚོགས་བརྒྱུད་བོད་ལྗོངས་དང་རྒྱལ་ནང་གི་གནམ་དཔྱད་རིག་པ་མཁས་ཅན་དབར་གྱི་འབྲེལ་གཏུག་དང་སྤེལ་རེས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད”ཅེས་བརྗོད།
             འགོ་ཚུགས་མཛད་སྒོ་ཚར་རྗེས་རིག་གཞུང་སྙན་ཞུའི་ཚོགས་འདུ་འགོ་ཚུགས་པ་རེད། གནམ་དཔྱད་རིག་པ་དང་འབྲེལ་བ་ཡོད་པའི་ཆེད་མཁས་པས་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་རྣམ་པ་བརྒྱུད། ས་གནས་ས་ཐོག་གི་ཚོགས་འདུར་ཞུགས་མཁན་ཚོར་སི་ཐེན་ལས་གྲྭ་དང་། བོད་ལྗོངས་སྨི2ཀྱི་འོད་རིག་དམར་ཕྱིའི་རྒྱང་ཤེལ་གྱི་མཉམ་ལས་འཆར་གཞི། བོད་ལྗོངས་ཀྱི་གློག་འཕྲུལ་གནམ་རིག་འཕེལ་རྒྱས་ཀྱི་མདུན་ལམ། འཛམ་གླིང་ཡང་རྩེའི་ཐོག་མའི་འཐེན་ཤུགས་འཚོལ་ཞིབ་སོགས་འབྲེལ་ཡོད་ཀྱི་ནང་དོན་འགྲེལ་བཤད་བརྒྱབ་ཡོད། ཚོགས་འདུའི་ཐོག་ཆེད་མཁས་པ་ཁག་གིས་ཇི་ལྟར་བྱས་ནས་ས་མཐོའི་རྩིག་རྨང་གི་ལྟ་ཞིབ་ཚད་ལེན་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་དང་། ལག་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བ། རྒྱལ་ནང་གི་གནམ་དཔྱད་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་གྲོས་གཞིར་གྲོས་བསྡུར་བྱས།

རྩོམ་སྒྲིག་པ། དཔལ་གཡང་།